ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙིང་ཕིང་གིས་ལའང་ཧྲན་ཁུལ་དུ་དབུལ་སེལ་འགག་སྒྲོལ་གྱི་ལས་ཀར་རྟག་དཔྱད་ཞིབ་འཇུག་གནང་བ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-15


        སྤྱི་ཟླ་2པའི་ཚེས་13ཉིན་ནས་14ཉིན་གྱི་བར། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙིང་ཕིང་གིས་རྟག་དཔྱད་ཚོ་ཆུང་གི་སྣེ་ཁྲིད་ནས་ལའང་ཧྲན་ཁུལ་དུ་དབུལ་སེལ་འགོག་སྒྲོལ་ལས་ཀར་རྟག་དཔྱད་ཞིབ་འཇུག་གནང་བར་ཕེབས་ཏེ། ཞིང་ཆེན་སྲིད་གྲོས་ཀྱིས་ལའང་ཧྲན་ཁུལ་གྱི་དབུལ་སེལ་འགག་སྒྲོལ་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་བར་རོགས་སྒྲུབ་གནང་བའི་སྐོར་གྱི་གནས་ཚུལ་ལ་རྒྱུས་ལོན་དང་། གོམ་སྟབས་རྗེས་མར་དབུལ་སྐྱོར་བྱེད་པའི་ཐབས་ཤེས་ལ་ཞིབ་འཇུག་གནང་ནས། ལའང་ཧྲན་གྱི་དུས་ལྟར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རོགས་སྒྲུབ་གནང་བར་སྐུལ་འདེད་བཏང་། 
        རྟག་དཔྱད་ཞིབ་འཇུག་བྱེད་པའི་བཞུགས་མོལ་འཚོགས་འདུའི་ཐོག   ཁོ་ཙིང་ཕིང་དང་ལྷན་ཕེབས་རྣམས་ཀྱིས་ལའང་ཧྲན་ཁུལ་གྱི་དབུལ་སེལ་འགག་སྒྲོལ་བྱས་པའི་ལས་ཀའི་སྙན་ཞུ་ལ་གསན་འཇོག་གནང་བར་མ་ཟད། ཚོགས་ཞུགས་པ་རྣམས་དང་བཞུགས་མོལ་སྤེལ་རེས་གནང་། ཁོང་གིས་ལའང་ཧྲན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དབུལ་སེལ་འགག་སྒྲོལ་གྱི་རྣམ་གྲངས་སོ་སོའི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ཡོང་བ་བྱས་ནས། རྩ་འཛུགས་འགོ་ཁྲིད་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། དོན་དངོས་ཐོག་རྐང་ཚུགས་པར་བྱེད་པ། ཕྱོགས་སོ་སོའི་ཐུན་མོང་ཐོག་སྟོབས་ཤུགས་འདོན་པ་དང་། ཐོག་དང་པོར་གྲུབ་འབྲས་མངོན་གསལ་བླངས་པས། གོམ་སྟབས་རྗེས་མའི་དབུལ་སེལ་འགག་སྒྲོལ་གྱི་ལས་ཀར་རྨང་གཞི་བརྟན་པོ་ཤིག་བཏིངས་ཡོད་ཅེས་གསུངས།
        ཁོ་ཙིང་ཕིང་གིས་ལའང་ཧྲན་དབྱི་རིགས་ཁུལ་ནི་ཞིང་ཆེན་ཡོངས་མ་ཟད་རྒྱལ་ཡོངས་ཀྱི་དབུལ་སེལ་འགག་སྒྲོལ་བྱེད་པའི་དཀའ་གནད་ཆེས་ཆེ་བའི་ས་ཁུལ་ཁྲོད་ཀྱི་གཅིག་ཡིན་པས།འགན་ཁུར་ལྕི་བ་དང་གནོན་ཤུགས་ཆེ་མོད། འོན་ཀྱང་ང་ཚོས་དཀའ་གནད་མཐོང་བ་དང་མཉམ་དུ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མཐོང་ཆེན་ཚད་མཐོན་པོ་དང་འགན་ལེན་འདོན་སྤྲོད་བྱས་པ་དེ་ཡང་མཐོང་ཐུབ་པ་བྱས་ནས། གོམ་གང་མདུན་སྤོས་ཀྱིས་དབུལ་སེལ་འགག་སྒྲོལ་ལས་ཀར་རྒྱལ་ཁ་ལེན་པར་ཡིད་ཆེས་ཆོད་སེམས་བརྟན་དུ་གཏང་དགོས་ཞེས་བསྟན།
        ཁོ་ཙིང་ཕིང་གིས་དབུལ་སེལ་འགག་སྒྲོལ་ནི་མིག་སྔར་དང་སླད་ཕྱིན་གྱི་དུས་སྐབས་གཅིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཅིག་ཡིན་པས། ལའང་ཧྲན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མུ་མཐུད་དུ་དབུལ་སེལ་འགག་སྒྲོལ་གྱི་ལས་ཀ་དེ་དོན་དག་གལ་ཆེན་ཞིག་ལ་བརྩིས་ནས། ཞིང་ཆེན་ཏང་ཨུའི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། རྨང་གཞི་གཅིག་བསྡུས་དང་འཛུགས་སྐྲུན་འཐུས་ཚང་སུ་གཏོང་བ། ལྷག་པར་དུ་འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་གནད་འགག་གི་དཀའ་གནད་གྲོལ་བ་དང་། ལའང་ཧྲན་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཕུན་སུམ་ཚོགས་པའི་ནུས་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། ཁུལ་ཡོངས་ཀྱིས་ཧུར་ཐག་གིས་དབུལ་སེལ་འགག་སྒྲོལ་དང་གནད་སྨིན་དབུལ་སྐྱོར་བྱེད་པར་སྐུལ་འདེད་གཏང་དགོས་ཞེས་ནན་གྱིས་གསུངས་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1