སེམས་ཁོང་གི་ལེགས་སྐྱེས། 《གངས་ལྗོངས་ཉི་གཞོན།》ཞེས་པའི་དུས་དེབ་གསར་སྤེལ་བྱུང་བའི་རྟེན་འབྲེལ་དུ།

ཨ་སྨྱོན་བཀྲ་ཤིས་དོན་གྲུབ། རྩོམ་སྒྲིག་པ།འབྲུག་མཚོ།ཡོང་ཁུངས། མི་རིགས། སྤེལ་དུས། 02-21


སེམས་ཁོང་གི་ལེགས་སྐྱེས།



པདྨ་ཅན་ཞེས་ཕྱོགས་སུ་གྲགས་པ་ཡི།།

གྲོང་ཁྱེར་ལྟ་ན་སྡུག་པའི་དབུས་ཡི་ཆར།།

ཀུན་ཕན་དོན་བཟང་ཁུར་དུ་བསྣམས་པ་ཡི།།

དུས་དེབ་བལྟམས་ལ་བདག་ཡིད་སྤྲོ་བས་བརྟས།།


འདི་ནི་ཇུས་བཟང་ཟླ་བ་གསར་བའི་གཟི།།

དམངས་སེམས་ཀུ་མུད་བཞད་པའི་ལྟོ་བ་རུ།།

བསྐྱིལ་ལ་རངས་པའི་ཕོ་ཉ་དང་པོ་སྟེ།།

སེམས་པའི་ལེགས་སྐྱེས་རྒྱང་རིང་ཡུལ་ནས་འབུལ།།


སྲིད་པའི་ལས་དོན་གང་དང་ཇི་སྙེད་པ།།

མགོ་བོ་རྩོམ་པའི་ལས་ནི་ཆེས་དཀའ་བས།།

དཀའ་ཁག་མ་ལུས་བརྩོན་པས་མཐར་བསྐྲད་དེ།།

བདེ་བླག་འཁྲུངས་འདི་རྗེས་སུ་ཡི་རང་གནས།།


དུས་དེབ་མཆོག་གི་གྲས་སུ་འཕར་བ་ལ།།

ལེ་ཚན་སྣ་ཚོགས་འགོད་ཚུལ་རྩ་བ་སྟེ།།

རྩ་བ་དེ་ཡང་རྩོམ་མཁན་གྲགས་ཅན་གྱི།།

འདབ་ལོས་ཕྱུག་རྒྱུ་གནད་གྱི་དོན་པོའོ།།


བརྗོད་བྱའི་དོན་གང་མི་དམངས་མང་ཚོགས་ཀྱི།།

འཚོ་ཚིས་ལས་དང་དངོས་སུ་སྦྲེལ་བྱུང་ན།།

རིམ་པ་གོང་འོག་ཀུན་ཏུ་ལེགས་བྱས་ཀྱི།།

དྲ་བས་སྡུད་ལ་སུ་ཞིག་ཡིད་གཉིས་འཛིན།།


ལྷག་དོན་རང་རིགས་སྐད་དང་ཡི་གེ་སོགས།།

ཉག་ཕྲ་གཡང་གཟར་ལམ་དུ་འཕྱན་པ་ལ།།

དེབ་གཅིག་སྐྱོན་བྲལ་བདེ་བར་སྤེལ་ནུས་ཚེ།།

ཕན་ལས་གནོད་པའི་རྒྱུ་རུ་ག་ལ་འགྱུར།།


དེའི་ཕྱིར་དེབ་ཀྱི་ཕྱི་ནང་བཀོད་པ་དང་།།

པར་ཞུ་ལ་སོགས་ཞིབ་ཕྲའི་ལས་མཐའ་དག།

སེམས་ཀྱི་རྒྱ་ལས་ནམ་ཡང་མི་འདོར་བར།།

དུས་ཀུན་གཡེལ་བ་མེད་པར་སྐྱོངས་མཛོད་ཅིག།


མདོར་ན་དོན་ལྡན་ཚེ་སྲོག་གསར་བ་འདི།།

བདེ་བའི་ལམ་དུ་གོལ་མེད་ཞུགས་མཛད་དེ།།

དཔལ་ཡོན་ཟུང་གི་འཛུགས་སྐྲུན་བྱ་བ་ལ།།

མཛད་རྗེས་མཁའ་དང་མཉམ་པའི་རྟེན་འབྲེལ་ཞུ། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1