ཐག་རིང་དངོས་པོ་གོང་ཆེ། ས་མཐའི་མི་ལ་དབང་ཆུང་།

སྙིང་མོ་སྐྱིད། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།མི་རིགས། སྤེལ་དུས། 02-21



ང་རང་ལྷ་སའི་ལྷུན་གྲུབ་རྫོང་མི་དམངས་ཞིབ་དཔྱོད་ཁང་དུ་ལས་བགོ་བྱེད་སྲིད་པ་མཚན་མོའི་རྨི་ལམ་དུའང་རྨིས་མ་མྱོང་། ལོ་གསུམ་གྱི་རབ་འབྱམས་སློབ་མའི་འཚོ་བ་དེ་ནི་མིག་རྡེབ་དབང་ཙམ་གྱིས་འདས་བའི་དུས་ལ་དབང་སོང་། མཐར་ཕྱིན་པར་ཟླ་བ་གཉིས་ལས་མེད་དུས་ང་ནི་གཞུང་ཞབས་པའི་ཡིག་ཚད་དང་དཔྱད་རྩོམ་གྱི་ཁུར་བོ་གཉིས་ཀྱིས་མནན་ནས་དབུགས་ཀྱང་ལེན་དཀའ་བའི་གནས་སུ་གྱུར། གཅིག་ནི་ངའི་མི་ཚེའི་དོན་ཆེན་ཏེ་བྱ་བ་ག་འདྲ་ཞིག་ལ་ཞུགས་ཐུབ་མིན་དང་ཅིག་ཤོས་ནི་རབ་འབྱམས་པའི་བསླབ་གནས་ལག་ཏུ་རག་མིན་ལ་འབྲེལ་བ་དམ་ཟབ་ཡོད་པས་ཡིན། ལོ་དེའི་ཟླ་བཞི་བའི་ཟླ་དཀྱིལ་དུ་ངས་གཞུང་ཞབས་པའི་རྒྱུགས་ལེན་སའི་ལས་ཁུངས་དག་ཡང་དང་བསྐྱར་དུ་གདམ་གསེས་བྱས་མཐར། ངའི་ཆེད་ལས་མཁོ་བའི་གཞི་རིམ་གྱི་ཞིབ་དཔྱོད་ཁང་ལ་རྒྱུགས་ལེན་པར་མིང་ཐོ་བཀོད། སྐབས་དེར་ངའི་སེམས་ལ། མིང་ཐོ་འགོད་ས་གཞི་རིམ་ཡིན་མོད། ང་རང་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ཞིག་ཡིན་པར་མ་ཟད། ཆེད་ལས་འདིར་མི་གཅིག་མ་གཏོགས་བསྡུ་གིན་མེད་པས་གལ་སྲིད་ཡིག་ཚད་ལོན་པ་ཡིན་ན་ལྷ་ས་གྲོང་ཁྱེར་དུ་ལས་བགོ་བྱ་ངེས་རེད་སེམས་ཤིང་། ཡང་གཅིག་བཤད་ན་ལྷ་སའི་མངའ་ཁོངས་སུ་རྫོང་བདུན་དང་ཁུལ་གཅིག་ཡོད་པས་དམིགས་སུ་བཀར་ནས་མི་གཅིག་བསྡུ་བ་ལ་བལྟས་ནའང་གྲོང་ཁྱེར་ཞིབ་དཔྱོད་ཁང་མིན་རུང་ཁུལ་ཞིབ་དཔྱོད་ཁང་དུ་བརྒྱ་ཆའི་བརྒྱ་ཡིས་ལས་བགོ་བྱེད་ངེས་རེད་བསམས་བྱུང་། དེ་བཞིན་དགའ་འོས་པ་ཞིག་ལ་ཐེངས་དེའི་གཞུང་ཞབས་པའི་ཡིག་རྒྱུགས་ཁྲོད་ཡིད་ཚིམས་པའི་རྒྱུགས་འབྲས་ཀྱིས་ང་ལ་རྒྱལ་ཁབ་ཀྱི་གླ་ཕོགས་རག་པ་ཐག་གིས་ཆོད་སོང་། ཡིན་ནའང་ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཞེས་པ་ལྟར། སློབ་མཐར་ཕྱིན་རྗེས། ང་རང་ལས་བགོ་མངགས་ཡིག་ཟེར་བའི་ཤོག་ལྷེ་ཞིག་གི་རྗེས་འབྲངས་ནས་ལྷུན་གྲུབ་རྫོང་སྟེ་འཕན་པོའི་ཡུལ་དུ་སོང་།

དབྱར་གཞུང་དེ་ལ། ང་འགྲུལ་བཞུད་ཀྱི་ལམ་དུ་ཞུགས་ནས་འཕན་ཡུལ་གྱི་དུས་ཆད་ལ་འགྲོ་དགོས་སོང་། སྔ་དྲོ་ཆུ་ཚོད་བཅུའི་སྟེང་དུ་འགྲུལ་འཁོར་ལྷ་སའི་ཤར་མཐའི་འགྲུལ་སྐྱེལ་འབབ་ཚུགས་ནས་ལམ་དུ་ཆས། སྐབས་དེར་ཆར་བ་བབས་མཚམས་བཞག་ཙམ་ཡིན་པས། གྲོང་ཁྱེར་གྱི་ཕྱོགས་བཞིའི་རི་བོས་ན་བུན་གྱི་ལྭ་བ་མཐུག་པོར་གྱོན་ཞིང་། གཞུང་ལམ་ཀུན་ནི་རྡུལ་གྱི་གཡའ་ཙམ་མེད་པར་ནག་ཤིག་ཤིག་གང་སར་འཐེན་འདུག་ལ། བར་ཐག་འགྱངས་ཙམ་ནས་བལྟས་ཚེ་དལ་གྱིས་འབབ་པའི་གཙང་པོ་ཞིག་དང་ཀུན་ནས་མཚུངས། ང་འགྲོ་བྱེད་ཀྱི་འགྲུལ་འཁོར་གསུམ་གཅིག་བརྒྱད་གཞུང་ལམ་བརྒྱུད་ནས་སྟག་རྩེ་ཟམ་ཆེན་ལ་སླེབས་སོང་། ཟམ་ཆེན་དེ་ནི་རྒྱུ་ཆ་ལྕགས་ལས་གྲུབ་པས་རྒྱུ་སྤུས་ཡག་རུང་ཞེང་དོགས་པས། ཡར་འགྲོ་མར་འོངས་ཀྱི་རླངས་འཁོར་ཐམས་ཅད་ཟམ་སྣེར་རུ་བསྒྲིགས་ནས་འདུག ང་ཚོའི་འགྲུལ་འཁོར་གྱིས་དུས་ཚོད་དམ་འཛིན་ནམ་ལག་རྩལ་ངོམ་འདོད་སོགས་རྐྱེན་གང་རུང་ཞིག་གིས་ཅི་ཡང་མི་སྙམ་པར་རྣ་དབང་འགས་པར་བྱེད་པའི་དུང་བརྡ་ཞིག་བརྒྱབ་ནས་ཤར་རེ་ཟམ་ཆེན་ལ་ཞུགས་སོང་། ཟམ་དཀྱིལ་དུ་སླེབས་དུས་ཁ་གཏད་ནས་ཡོང་བའི་རླངས་འཁོར་དང་ཐུག་པས་ཁ་ལོ་བས་རང་གི་ལག་རྩལ་ཡོད་ཚད་བཏོན་ནས་ཐར་ཐབས་བྱས་པས། འགྲུལ་བ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུཨ་ཙི། སྟབས་ཡག་ལ། གཞི་ནས་འགྲོ་ཐུབ་སོངཞེས་བརྗོད་ཀྱིན་འདུག དེ་ནས་ཅུང་ཙམ་སོང་བ་ན་གཞུང་ལམ་གྱི་གཞོགས་གཉིས་སུ་གཡུ་ལོ་ཐགས་སུ་བཀྲ་བའི་ཚང་ཚིང་གི་ལྗོན་པའི་ཚོགས་ནི་ཕྲེང་བསྟར་བསྒྲིགས་འདུག་པ་མ་ཟད། མེ་ཏོག་སྣ་ཚོགས་ནི་རྩྭ་ལྗང་གི་གསེབ་ཏུ་སྡུག་གུར་བཀྲ་བ་དང་། ཉི་འོད་ཀྱི་མཐོང་ལམ་ན་བཀྲག་མདངས་འཚེར་ཞིང་བསིལ་རླུང་གི་རྒྱུ་བའི་ཁྲོད་ན་ལྷམ་མེར་བཞད་པ་འདུག་ལ། རྒྱང་རིང་གི་གྲོང་ཚོའི་མཐའ་འཁོར་ཀུན་ནི་འབྲུ་སྙེ་ལྷོད་ཀྱིས་ལྡེམ་པའི་རྣང་ཞིང་གིས་བརྒྱན་པས། འགྲུལ་བཞུད་པ་རྣམས་ལ་མིག་གི་དགའ་སྟོན་གྱ་ནོམ་པ་ཞིག་བཤམས་འདུག མིག་མདུན་དུ་བསྟར་བའི་མཛེས་ལྗོངས་ཀྱི་རྣམ་པ་དེས་ང་ལ་སྐྱིད་པའི་ཕ་ཡུལ་དྲན་པ་དང་སེམས་སུ་སྐྱོ་སྣང་གི་སྨུག་ལོང་གིས་ཁེངས་པར་བྱས། རླངས་འཁོར་ནི་སྐྱིད་ཆུའི་འགྲམ་རྒྱུད་ཀྱི་ཀྱག་ཀྱོག་གི་གཞུང་ལམ་སྟེང་ཐོགས་པ་མེད་པར་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད་ལ། མཐོ་སྒང་གི་རི་ཆུ་ལུང་གསུམ་གྱི་མཛེས་སྡུག་ཁོར་ཡུག་ནི་འགྲམ་གཉིས་ཀྱི་སྒེའུ་ཁུང་ལས་སྐད་ཅིག་མའི་ཡུན་ལ་རེ་རེ་བཞིན་རྒྱབ་ཏུ་བསྐྱུར་བར་བྱས། ངས་རླངས་འཁོར་ནང་གི་འོད་སྡེར་ལས་བཏང་བའི་རྡུང་ལེན་ཞིག་ལ་ཉན་བཞིན་མངར་སྐྱུར་ལན་ཚྭའི་ཕྱིར་དྲན་གྱི་ལོ་ཟླའི་བང་རིམ་ལས་ཡིད་ངོར་བཏེགས་པའི་སྣང་བརྙན་གང་ཞིག་དྲན་པའི་སྒང་དེར་རླངས་འཁོར་གྱིས་འཁོར་ཟྭ་བསྒགས་ནས་བསྡད་བྱུང་། མ་གཞི་རླངས་འཁོར་འཕན་པོ་དང་སྟག་རྩེའི་ས་མཚམས་སུ་བཙུགས་པའི་ཞིབ་བཤེར་ས་ཚིགས་སུ་སླེབས་པས་རེད། ས་དེར་ལྷུན་གྲུབ་རྫོང་ལ་འགྲོ་བའི་འགྲུལ་བ་ཐམས་ཅད་ངེས་པར་དུ་བདེ་འཇགས་ཞིབ་བཤེར་སྒོ་ཆུང་དེར་འཛུལ་དགོས་པ་མ་ཟད། རང་གི་ཐོབ་ཐང་ལག་ཁྱེར་སྤྱི་བདེ་མི་སྣར་སྟོན་དགོས།

འཕན་ཡུལ་རིག་པའི་འབྱུང་གནས་དེ་ནི་བོད་བཙན་པོའི་ལོ་རྒྱུས་ནང་འཁོད་ཆེ་བའི་ས་ཆ་ཞིག་སྟེ། ཡུལ་ངས་པོ་ཟེར་བ་རྒན་གཉའ་གོང་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་བརྩམས་པའིབོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་གདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོངཞེས་པའི་དེབ་ལས་ཁྱུང་བོ་སྤུང་ཟད་དང་ཞང་སྣང་གཉིས་ཀྱིས་བླངས་བའི་མགུར་དུངས་པོ་ནི་སྒང་དྲས་ཤ ཡར་མོ་ནི་འཁོལ་དུ་སྩའད།།ཞེས་བྲིས་པ་དེའི་འགྲེལ་བཤད་དུ་འདིར་ངས་པོ་ནི་འཕན་པོའམ་འཕན་ཡུལ་ཏེ་ཟིང་པོའི་ཡུལ་ཡིན་ཞིང་། ཡུལ་ཁམས་དེ་གྲིས་དྲས་པ་ལྟར་བཅད་ནས་ཡར་ལུང་སྤུ་རྒྱལ་བར་མངའ་བ་ལ་ཟེར་ཅེས་ཡུལ་ངས་པོ་ནི་འཕན་ཡུལ་ཡིན་པ་གསལ་བོར་བརྗོད་ཡོད། གཞན་ཡང་བཙན་པོ་གནམ་རི་སྲོང་བཙན་གྱི་སྐབས་སུ་ས་ཆ་དེ་ནི་ཟིང་པོ་རྗེ་ཞེས་པའི་རྒྱལ་ཕྲན་ཞིག་གི་རྒྱལ་ས་ཡིན་པ་མ་ཟད། དམག་དཔུང་དང་འཁོར་འབངས་རྒྱ་ཆེ་བས་ཡར་ཀླུང་སྤུར་རྒྱལ་བཙན་པོར་འགྲན་ཟླ་ནུས་པའི་རྒྱལ་ཕྲན་ཞིག་ཡིན་པར་གྲགས། འོན་ཀྱང་ཟིང་པོ་རྗེ་སྟག་སྐྱ་བོ་འདི་ཉིད་ཀྱིས་མངའ་འོག་གི་འབངས་མི་གཞུང་དྲང་རྣམས་ལ་ཆད་པ་གཅོད་པ་དང་། སྤྲེལ་ལད་འཁྲབ་མཁན་ཚོར་ཕུ་དཀྲུག་མདའ་དཀྲུག་གི་གོ་སྐབས་སྤྲད་སྟབས། སྤུར་རྒྱལ་བཙན་པོའི་མངའ་འོག་ཏུ་ཚུད་པའི་སྐོར་བོད་ཀྱི་གནའ་བོའི་ཡིག་རྙིང་དང་ལོ་རྒྱུས་དེབ་ཐེར་རྣམས་སུ་རོབ་ཙམ་འཁོད་ཡོད། ཟིང་པོ་རྗེའི་མཁར་ཤུལ་ད་ལྟའི་འཕན་པོའི་ལྕང་ར་ཤར་ཤང་གི་ས་ཁོངས་སུ་ཡོད་པར་གྲགས། ལྕང་ར་ཤར་ཤང་དེ་རྫོང་ཐོག་ལ་འགྲོ་བའི་ལམ་སྐེད་དུ་འདུག ལྷ་ས་ནས་ལྷུན་གྲུབ་རྫོང་དབར་སྤྱི་ལེ་དྲུག་ཅུ་ཙམ་ཡོད་པས། ཆུ་ཚོད་གཅིག་དང་སྐར་མ་ཉི་ཤུ་ལྷག་འགོར་རྗེས་ང་རང་གཞི་ནས་ལྷུན་གྲུབ་རྫོང་ལ་འབྱོར།

ལྷུན་གྲུབ་རྫོང་ཐོག་ལ་འབྱོར་བ་དང་རྫོང་རྩ་འཛུགས་པུའུ་རུ་མིང་ཐོ་འགོད་དུ་སོང་བ་ན། ཉིན་གཉིས་ཀྱི་རྗེས་སུ་ལས་ཁུངས་སུ་མིང་ཐོ་འགོད་དུ་སོང་ཟེར། ང་རང་འཕན་པོ་ཡུལ་ལ་ཐེངས་དང་པོར་སླེབས་པས་རྫོང་མཁར་ལ་ཐེངས་ཅིག་མྱུལ་བ་ཡིན། ལྷུན་གྲུབ་རྫོང་ནི་སུའུ་ཀྲུའུ་གྲོང་ཁྱེར་གྱི་རོགས་སྐྱོར་བྱེད་ཡུལ་ཡིན་པས་ལམ་མིང་ལ་སུའུ་ཀྲུའུ་ལམ་དང་ཐེའེ་ཧུའུ་ལམ་སོགས་བཏགས་འདུག རྫོང་མཁར་ཆུང་རུང་ཧ་ཅང་འཁྲུག་ཆ་དོད་དེ། ག་ས་ཀུན་ཏུ་ཁྱི་ལྡོམ་གྱིས་གད་སྙིགས་སློག་པ། འགྲུལ་སྐྱེལ་རླངས་འཁོར་རྣམས་ནི་ལྷ་སར་འགྲོ་བའི་འགྲུལ་བ་བཙལ་ཆེད་དུང་སྒྲ་ལྷང་ལྷང་གིས་རྫོང་མཁར་བསྐོར་ནས་སྨྱོན་པ་བཞིན་རྒྱུགས་པ། འཕན་པོའི་ཨ་ཅག་རྣམས་ཀྱིས་མགོ་ལ་ལག་ཕྱིས་ཁྲ་ཁྲ་དཀྲིས་ཤིང་ལུས་ལ་བོད་ཆས་གྱོན་པ་དང་ཅ་ལིན་རྟགས་ཅན་གྱི་སྦག་སྦག་ཞོན་ནས་འགྲོ་བ་སོགས་བློ་ལ་མི་འགྲོ་ཞིང་མིག་ལ་མི་གོམས་པའི་ཆ་ལུགས་བྱེད་སྟངས་དུ་མ་མཐོང་བས་རང་ཉིད་འདི་འདྲའི་ས་བཙོག་ཅིག་ལ་བཏང་བར་བསྲན་དཀའ་བའི་ཚིག་པ་ཞིག་ཁོང་ནས་སྐྱེས་བྱུང་། ཡིན་ནའང་ང་ནི་ཕྱི་ན་རྒྱབ་རྟེན་མེད་ཅིང་ནང་ན་རྫོངས་རྟེན་མེད་པ་མ་ཟད། དེང་སང་གི་ལས་བགོ་ལས་རིགས་འདི་ལ་དངུལ་དང་དབང་ཐང་གིས་ངོ་བོ་བསྒྱུར་འདུག་པས་ངས་རང་གིས་རང་ལ་ཨུ་ཚུགས་བརྒྱབ་སྟེ་ས་བཙོག་འདི་ནས་འཚོ་བ་མི་རོལ་ཐབས་མེད་བྱུང་།

ཉིན་གཉིས་ཀྱི་རྗེས་སུ་ང་རང་ལྷུན་གྲུབ་རྫོང་མི་དམངས་ཞིབ་དཔྱོད་ཁང་དུ་ཕྱིན་པ་ན། དེ་ནི་སྔོ་ལྗང་ལྗང་གི་ཞིང་ཁའི་དཀྱིལ་དུ་ཆགས་ཡོད་པས་ཕྱི་ཡི་ཁོར་ཡུག་ཡིད་དུ་འོང་ཞིང་ཁམས་དྭངས་པ་ཞིག་འདུག ཡིན་ཡང་འཛུགས་སྐུན་ཐད་ཀྱི་ཆ་རྐྱེན་ནི་ཧ་ཅང་སྐྱོ་སྟེ། ངས་རྙིང་ཞིང་གང་སར་སྐྱོན་ཤོར་བའི་ཁང་བརྩེགས་དེ་མཐོང་བས་འགོག་ཐབས་མེད་པར་བློ་ཕམ་སེམས་འགྱོད་ཀྱི་སྣང་བ་ཞིག་ཤར། མ་གཞི་དེ་ནི་ལས་ཁུངས་འདིའི་ཡོད་ཚད་སྟེ་གཞུང་སྒྲུབ་ཁང་དང་ཉལ་ཁང་གཉིས་ཀ་རེད། ཡིན་ཡང་ལས་ཀྱིས་བསྐོས་ཐང་བཞིན་དུ་ལས་བགོ་བྱས་པའི་ངས་འགྲོ་ལུགས་བཞིན་དུ་མིང་ཐོ་བཀོད་རྗེས། ཁོ་ཚོའི་བཀོད་སྒྲིག་བཞིན་སུམ་ཐོག་གི་ཉལ་ཁང་དུ་སོང་། དེ་ནི་གཞུང་སྒྲུབ་ཁང་ཁང་མིག་གཉིས་ཙམ་གྱི་ཁང་བ་ཞིག་སྟེ། བར་སྣང་དུ་དཔྱངས་བའི་གློག་སྒྲོན་གཉིས་ལས་ཅི་ཡང་མི་འདུག ངས་རྡོག་ཁྲེས་དག་དེར་བཞག་རྗེས་རྫོང་མཁར་གྱི་ཁྱིམ་ཆས་ཚོང་ཁང་དུ་མལ་ཁྲི་སོགས་འཚོ་བའི་མཁོ་ཆས་འགའ་ཉོས་ཏེ། རང་གིས་ནུས་ཚོད་ཀྱིས་གཞིས་ཁྱིམ་ཆུང་ཆུང་ཞིག་བཙུགས། གཉེན་ཉེ་དང་ནང་མི་ཅི་ཡང་མེད་པའི་རྫོང་མཁར་དེ་ནས། རང་གི་མདུན་ལམ་དང་ཕ་མའི་ཁུར་བོ་ཇེ་ཡང་དུ་གཏོང་ཆེད། ཁང་མིག་ཆུང་ཆུང་དེའི་གྲུ་ཟུར་ཞིག་ནས་ལས་གྲོགས་ཚོའི་མིག་མདུན་གྱི་ཐབས་རྡུགས་པའི་འཚོ་བ་དེ་རོལ་འགོ་བརྩམས། ང་ཚོའི་ལས་ཁུངས་ནི་བུད་མེད་རྒྱབ་ཁབ་ཅིག་ཡིན་འདུག་སྟེ། ཞིབ་དཔྱོད་དཔོན་གཙོ་བོ་གཅིག་དང་ཟུར་པ་གཉིས་ཕུད་པའི་ལས་གྲོགས་ཚང་མ་ང་དང་ལོ་ཚོད་འདྲ་བའི་མོ་གཞོན་ཏག་ཏག་རེད། གཞིས་ཀ་རྩེ་དང་ཆབ་མདོ། ལྷ་ས་དང་ཉིང་ཁྲི་སོགས་ས་ཆ་སོ་སོ་ནས་ཡོང་བ་ཡིན་ལ། ང་ནི་ལས་ཁུངས་འདིར་ཡོང་མཁན་ཨ་མདོ་བ་ཐོག་མ་ཡིན་པས། རྒྱ་བོད་གཉིས་ཀས་ངའི་མིང་ཐོས་བ་དང་ཧ་ཅང་ཡ་མཚར་བའི་ངང་ནས་དེའི་ནང་དོན་ག་རེ་ཡིན་པ་འདྲི་སྲིད་པས། ལས་ཞུགས་བྱས་རྗེས་ཀྱི་ཟླ་ཁ་ཤས་ལ་ངས་མི་རེ་རེར་འགྲེལ་བཤད་ཐུང་ངུ་རེ་རྒྱག་དགོས་བྱུང་། ཡུལ་སྐད་བཤད་རོགས་མེད་པ་དང་ལྷ་སའི་སྐད་ཀྱིས་བརྡ་མ་འཕྲོད་པའི་གནས་ཚུལ་འོག་གཞུང་ལས་ཁང་དུ་ངས་ཁ་མ་གྲགས་པར་ལྐུགས་པའི་བརྟུལ་ཞུགས་བཟུང་ནས་བསྡད་ལ། ལས་ཚོགས་གྲོལ་རྗེས་ང་རང་གཅིག་པུ་རང་ཤོང་སྤྱིལ་བུ་དེ་རུ་འཛུལ་ནས་བསྡད་པ་ཡིན།

དུས་ཀྱི་བཞུར་རྒྱུན་དང་བསྟུན་ནས་ཕ་ཡུལ་དྲན་པའི་འདུན་པ་ནི་འགོག་ཐབས་མེད་པས། མཚམས་ལ་རེར་བྱ་བ་བསྐྱུར་ནས་ཐད་ཀར་དྲིན་ཆེན་ཕ་མའི་གམ་དུ་འགྲོ་འདོད་པའི་ཧོལ་རྒྱུགས་ཀྱི་བསམ་བློ་ཡང་འཁོར་མྱོང་། སྐབས་དེའི་ཁེར་རྐྱང་གི་གདུང་བ་དེ་ནི་དགུན་གསུམ་གྱི་གྲང་ངར་ཁྲོད་ཆུ་འཁྱག་ཕོར་བ་གང་འཐུང་བ་དང་འདྲ་བར་སྐྱི་ལྤགས་བརྟོལ་ཅིང་ལུས་སེམས་གཉིས་ཀ་འཁྱག་སིབ་སིབ་ཏུ་བཏང་སྟེ་ང་རང་ཁ་མལ་གཅིག་ཏུ་སྡོད་མི་ཚུགས་པར་བཏང་བྱུང་། དེ་ལྟར་ཉིན་རེའི་ཁྲི་གདུགས་ཉི་མ་ནུབ་རིའི་ཕང་བར་སྔས་ཏེ་མནལ་དུ་གཟིམ་རྗེས། ས་སྲོད་ཀྱི་མུན་ནག་གི་རྔམ་ཁ་ཇེ་མཐུག་ནས་ཇེ་མཐུག་དུ་གྱུར་བ་དང་བསྟུན་ཏེ། ངས་ལྷད་མེད་ཀྱི་འཛུམ་མདངས་དང་དགོད་སྒྲའི་ཀློང་ན་དལ་གྱིས་རྒྱུ་བའི་ཕ་ཡུལ་གྱི་རི་ཆུ་ལུང་གསུམ་དང་ཡུལ་མི་གཉེན་ཉེ་ཚོ་དྲན་པས། བྲང་གི་ཡ་ཁོག་ལ་ན་བུན་སྟུག་པོ་འཐིབས་ཏེ་སེམས་ཀྱི་མ་ཁོག་ལ་ངུ་སྙིང་སྐྱེས་བཞིན་ཉིན་རེ་རེའི་འཚོ་བར་བཤད་མི་ཤེས་པའི་སྡུག་བསྔལ་དུ་མས་རྫོགས་ཚིག་བཀོད་པ་ཡིན།

དུས་རྟག་ཏུ་ང་ནི་དྲན་གདུང་གི་ཚོར་བ་ལྕི་མོས་རབ་ཏུ་མནར་ཞིང་། དུས་ཚོད་ཀྱི་བཞུར་རྒྱུན་དེ་སྔོན་དང་བསྡུར་ན་ལྡབ་བརྒྱས་ཇེ་དལ་དུ་སོང་པའི་སྣང་བ་བྱུང་། ལས་ཁུངས་ནང་དུ་སླེབས་པ་ནས་བཟུང་རང་གི་ཆེད་ལས་བཀོལ་ནས་ཡིག་སྒྱུར་བྱེད་རྒྱུ་མང་པོ་མེད་པས་རང་ལ་དུས་ཚོད་ཧ་ཅང་མང་རུང་ཤ་ཉེ་འབྲེལ་ཟེར་ནས་འགྲོ་ས་དང་གྲོགས་པོ་གྲོགས་མོ་མེད་པས་ཕྱི་ལ་འགྲོ་འདོད་མ་བྱུང་། ངས་ཐེངས་དང་པོར་ལས་ཀ་ཅི་ཡང་མེད་པར་དུས་ཚོད་ལ་སྐྱེལ་མ་བྱེད་རྒྱུ་དེའང་ལས་སླ་མོ་མིན་པ་དང་འཇིག་རྟེན་སྟེང་ཆེས་ལྕི་བའི་ཁུར་བོ་ནི་ལས་ཀ་མ་ཡིན་པར་ལས་རྒྱུ་ཅི་ཡང་མེད་པར་དུས་ཚོད་ཕར་བསྐྱལ་རྒྱུ་དེ་རེད་ཟེར་བ་དེའི་བྲོ་བ་གཞི་ནས་ཚོར་བྱུང་། ལས་ཀ་ཡོད་རུང་མེད་རུང་ལས་ཚོགས་འཚོགས་པ་དང་གྲོལ་བར་གཏན་འཁེལ་གྱི་དུས་ཚོད་ཡོད་པས་ཅིས་ཀྱང་སྒྲིག་ལམ་སྲུང་དགོས། ཉིན་མ་རེ་རེར་ང་རང་གཞུང་སྒྲུབ་ཁང་དུ་སོང་ནས་སྐར་ཆ་རེ་རེ་བཞིན་ཕར་ལ་བསྐྱལ་ཏེ་ལས་ཚོགས་གྲོལ་བའི་དུས་ཚོད་ལ་སྒུག་དགོས་སོང་། སྐར་ཆའི་ཆ་ཤས་བགྲངས་བཞིན་ས་མཐར་ཁེར་རྐྱང་གི་འཚོ་བ་རོལ་བའི་སྡུག་བསྔལ་ལས་ཐར་ཆེད། ངས་བོད་རྩོམ་ལྟ་ཀློག་གི་ལས་ལ་གཞོལ་ནས་སེམས་ཁ་དེའི་ཕྱོགས་སུ་བསྒྱུར། རིམ་བཞིན་ལྷུག་རྩོམ་ནི་ངའི་འགྲོ་རོགས་འདུག་རོགས་དང་། སེམས་གཏམ་བཤད་སའི་བློས་ཐུབ་གྲོགས་པོ་ཞིག་ཏུ་གྱུར། ཁོམ་པ་རེ་བྱུང་ན་ལྷུག་རྩོམ་བཀླགས་པ་དང་ཐ་ན་གཟའ་མཇུག་ལ་ལྷ་སར་ལོག་པའི་ལམ་བར་གྱི་རླངས་འཁོར་ནང་ཡང་དེ་ལས་མ་འདས། ལྷུན་གྲུབ་རྫོང་ནས་ཁེར་རྐྱང་གི་བུ་ཡུག་རྒོད་པའི་ལོ་ཟླ་རུ། ངས་རྣམ་ཀུན་རང་ཉིད་ཤོང་སའི་ལྷིང་འཇགས་ཀྱི་གྲུ་ཟུར་ཞིག་བཙལ་ཏེ་བོད་ཀྱི་རྩོམ་རིག་གི་རོ་བཅུད་ལ་ལོངས་སུ་སྤྱོད་བཞིན་སྐབས་རེར་ལྷུག་རྩོམ་ཐ་ཐོར་རེ་ཡང་བྲིས་པ་ཡིན། དེ་ལྟར་དུས་ཀྱི་འཁོར་ལོ་རིམ་གྱིས་འདས་མཐར་ལྷུག་རྩོམ་ནི་ངའི་མཆིན་པ་ལྟ་བུའི་གྲོགས་པོ་དང་ཉི་མ་ལྟ་བུའི་ནང་མིར་གྱུར། ངས་རང་ཉིད་ཀྱི་རྐང་རྗེས་ཐོག་མར་བཀོད་སའི་ཕ་ཡུལ་གྱི་རི་ལུང་ཐང་གསུམ་དང་ངའི་ནར་སོན་གྱི་གོ་རིམ་ཧྲིལ་བོ་མིག་གིས་འཚོས་ཤིང་སེམས་ཀྱིས་བསྐྱངས་བའི་ཕ་མ་སྤུན་མཆེད་རྣམས་ལ་བཅངས་བའི་བརྩེ་བ་དང་དྲན་གདུང་དེ་རྩོམ་འབྲི་ཡི་ཐབས་ལམ་བརྒྱུད་ནས་ཡིག་ཐོག་ཏུ་འགོད་ཅི་ཐུབ་བྱས་པ་ཡིན། དེ་བཞིན་མག་མོག་གི་ལོ་ཟླ་མོད་པོ་ཞིག་ཁེར་མོས་བགྲངས་བ་དང་ཡིད་ཆེས་ཀྱི་ཉི་མ་མང་པོ་ཞིག་གཅིག་པུས་བསུས་ཏེ་ལོ་ཡི་འཁོར་མོ་གསུམ་འཁོར་ལ་ཉེ་བའི་དུས་འདིར་ངས་སེམས་རྣལ་ལ་ཕབ་ནས་རང་ཉིད་འཕན་པོ་ཡུལ་ལ་འོངས་བའི་ཉིན་དེ་ནས་བཟུང་ད་བར་གྱི་ཐབས་རྡུགས་ཀྱི་འཚོ་བ་དེར་ཕྱིར་འདང་ཞིག་བརྒྱབ་ཚེ། ཐག་རིང་གི་དངོས་པོ་གོང་ཆེ་དང་ས་མཐའི་མི་ལ་དབང་ཆུང་ཟེར་བའི་སྐད་ཆ་དེའི་བྲོ་བ་གཏིང་ཟབ་པ་ཞིག་མྱངས་ཐུབ་སོང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1