འཛུམ་མདངས་སྟོན་པ་ནི་བློ་སྦྱོང་ཞིག་ཡིན།

ལྷ་སྡུག་གིས་སྒྲིག་སྒྱུར་བྱས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།མི་རིགས། སྤེལ་དུས། 02-21



འཚོ་བས་ང་ཚོར་བྱ་བ་ཅི་ཡང་དུས་འགྱངས་དང་ཆད་ལུས་བྱས་མེད་ཕྱིར་ང་ཚོས་ནམ་རྒྱུན་ངོ་མདོག་སྡུག་པོ་བསྟན་ནས་འདུག་དགོས་དོན་མེད། འཚོ་བར་བཀའ་དྲིན་གྱི་བསམ་པས་ཁེངས་དགོས་པ་དང་། མ་མཐར་ཡང་། དེས་ང་ཚོར་ཚེ་སྲོག་གནང་ཡོད་པ་དང་། ང་ཚོ་ལ་འཚོ་གནས་ཀྱི་བར་སྟོང་སྦྱིན་ཡོད།


འཛུམ་མདངས་ནི་འཚོ་བའི་ཁྲོད་ཀྱི་རྣམ་འགྱུར་འཛིན་སྟངས་ཤིག་ཡིན། དེ་དབུལ་ཕྱུག་དང་། གོ་གནས། གནས་བབ་བཅས་དང་ཐད་ཀར་འབྲེལ་བ་མེད། འབྱོར་ལྡན་ཞིག་གིས་ཉིན་གང་བོར་སེམས་ཁྲལ་ཆེན་པོ་བྱེད་སྲིད་ལ། དབུལ་པོ་ཞིག་གིས་ཉིན་ལྟར་བློ་བདེ་བག་ཕེབས་བྱེད་སྲིད། དབང་པོ་སྐྱོན་ཅན་ཞིག་གིས་སྣང་བ་སྐྱིད་པོས་འཚོ་བ་རོལ་སྲིད་ལ། གནས་བབ་བཟང་བའི་མིས་སེམས་སྐྱོ་ཡིད་གདུང་གི་རྣམ་འགྱུར་སྟོན་སྲིད་ལ། གནས་བབ་ངན་པའི་མིས་དགའ་འཛུམ་འཛུམ་གྱི་རྣམ་པ་སྟོན་སྲིད།

མི་ཞིག་གི་སེམས་ཁམས་ལ་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་པ་ནི་ཧ་ཅང་རྒྱུན་ལྡན་ཞིག་ཡིན། ཡིན་ནའང་། ཁྱོད་རང་གདོང་ལ་སྡུག་གིས་ཁེངས་པ་དང་། སྡུག་ཆེ་འཁོན་ཟབ་ཀྱི་རྣམ་པ་བསྟན་ན་དེས་གནས་བབ་ལ་འགྱུར་ལྡོག་གང་ཡང་གཏོང་མི་ཐུབ། དེ་ལས་ལྡོག་སྟེ། གལ་ཏེ་དགའ་འཛུམ་འཛུམ་གྱིས་འཚོ་བ་རོལ་ན། མཉམ་འདྲེས་ནུས་ཤུགས་འཕེལ་ཐུབ་པ་དང་། མི་གཞན་པས་ཁྱོད་དང་སྔར་བས་འབྲེལ་བ་བྱེད་འདོད་ཡོད་ལ་ཐོབ་པའི་གོ་སྐབས་ཀྱང་སྔར་ལས་མང་ངོ་། །


སེམས་ཁོང་དུ་འོད་སྣང་ལྡན་པའི་མི་ཞིག་ཡིན་ན་ད་གཟོད་དངོས་ཡོད་ཀྱི་ཉི་འོད་མྱོང་ཚོར་བྱེད་ཐུབ། གལ་ཏེ་ཁྱོད་རང་གིས་ཀྱང་རྒྱུན་དུ་སྐྱོ་མདངས་ཀྱི་རྣམ་འགྱུར་བསྟན་ན། འཚོ་བ་དེ་མཛེས་སྡུག་ལྡན་པ་ཞིག་ག་ལ་ཡོང་། འཚོ་བ་ནི་དུས་ནམ་ཡང་མེ་ལོང་ལྟ་བུ་ཞིག་ཡིན་ཏེ། དེ་ལས་འཆར་བ་ནི་ང་ཚོའི་བརྙན་རིས་ཡིན་ལ། ང་ཚོས་ངུ་འབོད་བྱེད་ཚེ་འཚོ་བས་ཀྱང་ངུ་འབོད་བྱེད་པ་དང་། ང་ཚོས་དགོད་ཤོར་དུས་འཚོ་བས་ཀྱང་དགོད་ཀྱི་རེད།

འཛུམ་མདངས་ནི་སེམས་ཀྱི་གཏིང་ནས་བྱུང་བ་སྟེ། བག་ཡོད་ཚུལ་ལྡན་ཞིག་ཡིན། དེ་ཉམ་ཆུང་ལ་མགོ་སྐོར་གཏོང་བྱེད་མིན་ལ། སྟོབས་ལྡན་ལ་ངོ་བསྟོད་དེ་བས་ཀྱང་ག་ལ་ཡིན། ངོ་བསྟོད་བྱེད་དུས་ཀྱི་འཛུམ་མདངས་ནི་འཛུམ་མདངས་བཅོས་མ་ཞིག་ཡིན། ངོ་འབག་ནི་དུས་ཡུན་རིང་པོ་གྱོན་མི་ཐུབ་སྟེ། གོ་སྐབས་ཤིག་ཡོད་པ་ཙམ་ནས་ཁོ་ཚོས་ངོ་འབག་བླངས་ནས་མ་གཞིའི་ངོ་མདོག་དེ་ཕྱི་ལ་མངོན་ངེས་རེད།


འཛུམ་མདངས་སྟོན་པ་ལ་དམིགས་ཡུལ་མེད་པས། མཐོ་རང་གི་འགོ་ཁྲིད་ཡིན་ནའང་འདྲ། དམའ་སྒོ་སྲུང་ཡིན་ནའང་འདྲ། ཚང་མ་ལ་འཛུམ་མདངས་སྟོན་ཚུལ་འདྲ་འདྲ་ཡིན། འཛུམ་མདངས་སྟོན་པ་ནི་མི་གཞན་ལ་བརྩི་བཀུར་བྱེད་པ་དང་། དུས་མཚུངས་སུ་འཚོ་བ་ལའང་བརྩི་བཀུར་བྱེད་པ་ཞིག་ཀྱང་ཡིན། འཛུམ་མདངས་ལ་དྲིན་གཟོ་ཡོད་པ་སྟེ། མི་དང་མི་བར་གྱི་འབྲེལ་བ་ནི་དངོས་ལུགས་རིག་པའི་ཁྲོད་དུ་ཟེར་བའི་ཤུགས་ཀྱི་དོ་མཉམ་དང་འདྲ་སྟེ། ཁྱོད་ཀྱིས་གཞན་ལ་གང་འདྲ་བྱས་ན། གཞན་གྱིས་ཀྱང་ཁྱོད་ལ་དེ་འདྲ་བྱེད། ཁྱོད་ཀྱིས་གཞན་ལ་འཛུམ་མདངས་ཇི་ཙམ་མང་ན། གཞན་གྱིས་ཀྱང་ཁྱོད་ལ་འཛུམ་མདངས་དེ་ཙམ་མང་བ་སྟོན་ནོ། །

མི་གཞན་པས་རང་ལ་གོ་བ་ལོག་སྒྲུབ་བྱས་ཚེ། དེ་ལ་ཁོང་ཁྲོ་ཟ་ཆོག་ལ་འཛུམ་མདངས་ཀྱང་བསྟན་ཆོག ཡིན་ནའང་སྤྱིར་བཏང་བཤད་ན་འཛུམ་མདངས་བསྟན་པའི་ནུས་པ་དེ་བས་ཆེ། རྒྱུ་མཚན་ནི་འཛུམ་མདངས་བསྟན་པས་མི་སེམས་གཡོ་འགུལ་གཏོང་ཐུབ་ལ། དེ་ལས་མངོན་པའི་བློ་ཁོག་ཡངས་པོས་མི་གཞན་པར་རང་ཉིད་ནི་ཉམ་ཆུང་ནུས་མེད་དང་ཐ་ཤལ་བ་ཞིག་ཡིན་པ་ཤེས་སུ་འཇུག་ཐུབ།

དྭངས་མ་ནི་དྭངས་མ་རང་དང་རྙོག་མ་ནི་རྙོག་མ་རང་ཡིན་པས། སྐབས་རེར་འགྲེལ་བཤད་དང་རྩོད་རེས་མང་དྲགས་སོང་ན་དགོས་པ་མེད། དོན་མེད་རྩོད་སློང་དང་དམའ་འབེབས་བྱེད་མཁན་དག་ལ་འཛུམ་མདངས་ཤིག་བསྟན་ན་ཆོག་སྟེ། དོན་གཞན་པ་དག་དུས་ཚོད་ལ་ར་སྤྲོད་བྱེད་དུ་འཇུག་གོ །

དེ་སྔར་མི་ལ་ལས་གང་སར་ཨའེ་དབྱིན་སི་ཐན་གྱི་རིག་པའི་གཞུང་ལུགས་དེ་ནོར་འདུག་ལ། དེ་མ་ཚད་ཚན་རིག་པ་བརྒྱ་ཕྲག་གིས་མཉམ་འབྲེལ་གྱིས་བདེན་དཔང་བྱས་ཡོད་ཅེས་ཟེར། ཨའེ་དབྱིན་སི་ཐན་གྱིས་གནས་ཚུལ་དེ་ཚོར་འཛུམ་འཛུམ་བྱས་ནས་གསུང་རྒྱུར། མི་དེ་འདྲ་མང་པོ་ཞིག་དགོས་དོན་མེད། ང་དངོས་གནས་ནོར་འཁྲུལ་བྱུང་བར་ར་སྤྲོད་བྱེད་ཐུབ་ན་མི་གཅིག་གིས་ཆོག་ཅེས་གསུངས། ཨའེ་དབྱིན་སི་ཐན་གྱི་རིག་གཞུང་ལ་དུས་ཚོད་ཀྱི་ཉམས་ཚོད་མྱངས་ཡོད་ལ། ཡིན་ནའང་མི་དེ་དག་འཛུམ་མདངས་ཤིག་གིས་ཕམ་པར་བྱས།

འཛུམ་མདངས་ནི་མི་ཚེའི་ཁྲོད་ཆེས་བཟང་བའི་མིང་བྱང་ཞིག་ཡིན། མི་སུ་ཡིན་རུང་སྣང་བ་སྐྱིད་ཅིང་ཡར་ཐོན་ཅན་གྱི་མི་དང་གྲོགས་པོ་བྱེད་བསམ་པ་ནི་བཤད་མ་དགོས་པ་རེད། འཛུམ་མདངས་བསྟན་པས་རང་ཉིད་ལ་ཡིད་ཆེས་བྱེད་ཐུབ་ལ་གཞན་ལའང་ཡིད་ཆེས་སྤྲད་ཐུབ་པ་རེད། དེ་ལས་མི་མངོན་པའི་ནུས་པ་སྔར་ལས་ལེགས་པར་སྤེལ་ཐུབ།

འཛུམ་མདངས་ནི་གྲོགས་པོའི་བར་ཆེས་བཟང་བའི་སྐད་བརྡ་ཡིན། རང་ཤུགས་སུ་མངོན་པའི་འཛུམ་མདངས་ཤིག་སྟོན་པ་དེ་སྐད་ཆ་ཁྲི་སྟོང་མང་པོ་བཤད་པ་ལས་བཟང་། དང་ཐོག་ངོ་ཤེས་པའི་མི་ཡིན་ནའང་འདྲ། ཡུན་རིང་པོ་འགྲོགས་པའི་གྲོགས་པོ་ཡིན་ནའང་འདྲ། གང་ལྟར་འཛུམ་མདངས་ཀྱིས་མི་དང་མི་བར་གྱི་འབྲེལ་ཐག་ཇེ་ཉེ་རུ་བཏང་ནས་མི་ཕན་ཚུན་བར་སྔར་ལས་དྲོ་སྐྱིད་ཀྱི་ཉི་མ་ཤར་ཐུབ།

འཛུམ་མདངས་ནི་བློ་སྦྱོང་ཞིག་ཡིན་པར་མ་ཟད་ཆེས་གལ་ཆེ་བའི་བློ་སྦྱོང་ཞིག་ཡིན། འཛུམ་མདངས་ཀྱི་ངོ་བོ་ནི་མཛའ་བརྩེ་དང་། སྐུལ་མ། དྲོ་སྐྱིད་བཅས་ཡིན། འཛུམ་མདངས་ཀྱི་ངོ་བོ་དངོས་སུ་ཤེས་མཁན་གྱི་མི་དེ་ལ་ནམ་ཡིན་ཡང་གཞན་ལས་ལྷག་པའི་གོ་སྐབས་ཐོབ་སླ་བ་དང་རྒྱལ་ཁའང་ཐོབ་སླ་བའོ། །


རྩོམ་ཡིག་རྗེས་མ།
ཞྭ་མོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1