སི་ཁྲོན་ནུབ་རྒྱུད་དུ་ཆར་པ་བསྟུད་མར་བབས་པས་ཆེད་མཁས་པས་ཆུ་ལོག་དང་། རི་ཉིལ་བ། འདམ་རུད་སོགས་ཀྱི་གནོད་འཚེ་འབྱུང་བར་སྔོན་འགོག་བྱ་དགོས་པའི་བསམ་འཆར་བཏོན།

འོད་ཟེར་གྱིས་བསྒྱུར། རྩོམ་སྒྲིག་པ།འོད་ཟེར།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 07-02


ཟླ་6པའི་ཚེས་29ཉིན། སི་ཁྲོན་རྟའུ་རྫོང་ཤར་རོང་ཡུལ་ཤོག་ཏུ་ཆར་ཞོད་བབས་ནས་འགྲོ་ལམ་བར་མཚམས་ཆད་པས་ས་གནས་དེ་གའི་མང་ཚོགས་ཀྱིས་མྱུར་སྐྱོབ་བྱེད་བཞིན་ཡོད་པ།

སི་ཁྲོན་གནམ་གཤིས་བརྟག་དཔྱད་ཁང་གིས་བསྒྲགས་པ་ལྟར་ན།   ཟླ་འདིའི་ཚེས་7ཉིན་ནས་ཚེས་9ཉིན་བར། སི་ཁྲོན་དུ་ཆར་ཞོད་མོད་པའི་གནམ་གཤིས་འབྱུང་སླ་བས་སི་ཁྲོན་གཤོངས་སའི་ནུབ་རྒྱུད་དང་། ལྷོ་རྒྱུད་ལ་ཆར་པ་འབྲིང་ཙམ་ནས་ཆེན་པོ་དང་། ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ། སི་ཁྲོན་གྱི་ཁྲོན་བྱང་རྒྱུད་མཐོ་སྒང་དུ་ཆར་པ་འབྲིང་ཙམ་དང་། ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་རྒྱུ་རེད།

གནམ་གཤིས་སྡེ་ཁག་གི་ཆེད་མཁས་པས་བཤད་རྒྱུར། ཟླ་6པ་ནས་བཟུང་ཆར་པ་བབས་པའི་དུས་ཚོད་མང་བ་དང་། ཆར་པ་འབབ་ཚད་ཆེ་བས་ས་གནས་མང་པོར་རི་ཉིལ་བ་དང་ཆུ་ལོག་སོགས་ཀྱི་གནོད་འཚེ་བྱུང་ཡོད། ཟླ་7པའི་ཟླ་དཀྱིལ་སྔོན་དུ་ད་དུང་ཆར་པ་འབབ་ཚད་མང་བས་འབྲེལ་ཡོད་སྡེ་ཁག་གིས་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་ནས་མུ་མཐུད་དུ་ཆར་པ་འབབ་པ་དང་ས་ཁུལ་ཁ་ཤས་སུ་ཆར་ཆུ་འབབ་ཚད་ཆེ་བ་ལས་བྱུང་བའི་ཆུ་ལོག་དང་། རི་ཉིལ་བ། འདམ་རུད་སོགས་རང་བྱུང་གི་གནོད་འཚེ་འབྱུང་བར་སྔོན་འགོག་བྱ་དགོས་པའི་བསམ་འཆར་བཏོན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1