མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱུན་མཐུད་མཁར་གྲོང་ཅན་དང་ལྷད་མེད་གསར་བརྗེའི་གླེང་སྟེགས་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-04


 

 མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་པུའུ་སོགས་ཀྱིས་ཚེས་གཉིས་ཉིན་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་རྒྱུན་མཐུད་མཁར་གྲོང་ཅན་དང་ལྷད་མེད་གསར་བརྗེའི་གླེང་སྟེགས་སྤེལ་བ་དང་། གླེང་སྟེགས་ལ་ཞུགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་དང་། དམངས་ཁྲོད་ཚོགས་ཁག་གི་འཐུས་མི་སོགས་ཀྱིས་ཇི་ལྟར་གྲོང་ཁྱེར་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་དང་། ནམ་ཟླའི་འགྱུར་ལྡོག་ཇི་ལྟར་ཐག་གཅོད་པ་སོགས་གྲོས་གཞི་ལ་གྲོས་བསྡུར་བྱས།

  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཀའེ་ཐུའུ་ཡིས་གླེང་སྟེགས་སྟེང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉིན་རྒྱུན་གྱི་བྱ་བའི་ཁྲོད་སྐྱེ་ཁམས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱེད་བཞིན་ཡོད་པ་དང་། པར་སྐྲུན་དང་རྒྱུ་ཆའི་མཁོ་འདོན་བྱེད་ཐབས་ལེགས་བཅོས་བྱས་ཏེ། གྲོས་ཚོགས་ཀྱི་ཤོག་བུའི་བཀོལ་ཚད་ཇེ་ཉུང་དུ་གཏོང་བར་བརྩོན་བཞིན་ཡོད། ལག་རྩལ་སྔར་ལས་ཇེ་མཐོར་སོང་བ་དང་་བསྟུན་ནས་གྲོས་ཚོགས་ལ་ཞུགས་ཐབས་དང་རྒྱང་བསྟེན་ལོ་ཙཱ་སོགས་མུ་མཐུད་དུ་ལེགས་བཅོས་བྱས་ནས། ཁོར་ཡུག་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཐུབ་ངེས་རེད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་པུའུ་ལས་དོན་ཁང་གི་རྒྱབ་སྐྱོར་མཐུན་སྦྱོར་པུའུ་ཡི་དཔོན་རིགས་ཨ་པུའུ་ལཱ་མའོ་ཧྥུའུ་ཡིས་བཤད་རྒྱུར། གྲོང་ཁྱེར་ཅན་གྱི་འཕེལ་རིམ་དང་བསྟུན་ནས་ཉིས་སྟོང་ལྔ་བཅུའི་བར་འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་མི་གྲངས་ཐེར་འབུམ་ལྔ་དང་དུང་ཕྱུར་གསུམ་ལ་བསླེབས་སྲིད་པ་དང་། དེའི་ནང་ཨེ་ཤ་ཡཱ་གླིང་གིས་བརྒྱ་ཆའི་རེ་གསུམ་ཟིན་ཡོད། རྒྱལ་ཁབ་མི་འདྲ་བར་མི་གྲངས་འཕར་སྣོན་དང་། མི་རིགས་སྣ་མང་། དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་དཀའ་ཁག་མི་འདྲ་བ་འབྱུང་སྲིད་ལ། རྒྱལ་ཁབ་ཚང་མར་ནམ་ཟླའི་འགྱུར་ལྡོག་ལས་བྱུང་བའི་འགྲན་རྩོད་འབྱུང་སྲིད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་ཡོན་མནའ་འབྲེལ་གྱི་དཔོན་པོ་ཨན་སཱ་ལི་ཡིས་ཀྱང་བལྟས་ན་ནམ་ཟླའི་འགྱུར་ལྡོག་ནི་རྒྱུན་མཐུད་འཕེལ་རྒྱས་གནད་དོན་ཁྲོད་ཆེས་གལ་ཆེ་བའི་གནད་དོན་ཞིག་ཡིན་པར་འདོད། ཁོས་བཤད་རྒྱུར། འཛམ་གླིང་གི་ས་ཆ་སོ་སོའི་མི་རྣམས་ཀྱིས་བདེ་འཇགས་དང་ཁོར་ཡུག་གི་གལ་ཆེན་རང་བཞིན་ལ་ངེས་ཤེས་ཟབ་མོ་འབྱུང་བ་དང་། རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་ནམ་ཟླའི་འགྱུར་ལྡོག་གནད་དོན་ལ་མུ་མཐུད་དུ་གྲོས་མོལ་བྱེད་དགོས། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་དང་རྒྱུན་མཐུད་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བའི་ཁྲོད་གལ་ཆེ་བ་ནི་ཆབ་སྲིད་འདོད་བློ་དང་ཚད་འཇལ་ཆོག་པའི་མཇུག་འབྲས། གྲོགས་པོའི་འབྲེལ་བ་འཛུགས་པ་བཅས་རེད་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1