༄༅།། ཡ་མཚར་བའི་ཨ་ཡིག་རང་བྱོན།

ཀོ་དོ་མཁན་པོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 03-13


--- འབར་ཁམས་སྒོ་ཡག་སྡེ་བའི་ཡ་མཚར་བའི་ཨ་ཡིག་རང་བྱོན་མཇལ་སྐབས་ཀྱི་མཐོང་ཐོས།

        གངས་རི་ར་བས་སྐོར་ཞིང་གོ་ལའི་ཡང་རྩེར་འགྱིང་ཆགས་སུ་གནས་པའི་ཁ་བའི་ཡུལ་ལྗོངས་སུ་འོད་སྟོང་འབར་བའི་ལོ་རྒྱུས་དང་ཕུན་སུམ་ཚོགས་པའི་རིག་གནས་རྒྱ་མཚོ་ལྟ་བུའི་ཁྲོད་དུ་ངོ་མཚར་བའི་དངོས་རྫས་མང་བོ་ཡོད་པ་ལས། ལྷག་ཏུ་ཕྱི་སྣོད་ཀྱི་རང་བྱུང་ཁམས་ལས་གྲུབ་པའི་རང་བྱོན་གྱི་དངོས་རྫས་འདྲ་མིན་སྣ་ཚོགས་ཡོད་དེ། དཔེར་ན། རང་བྱོན་གྱི་ལྷ་རྟེན་མཆོད་གསུམ་དང་སྐུ་གཟུགས་སྣ་ཚོགས། མ་ཎྀ་ཡིག་འབྲུ། ཨྃ་ཡིག ཨ་ཡིག་སོགས་ཀྱི་གཟུགས་དབྱིབས་སྣ་ཚོགས་བྲག་རྡོ་དང་ཕ་བོང་གིས་ངོས་སུ་གསལ་ལེར་འཆར་ཞིང་མཇལ་རྒྱུ་མང་བོ་ཡོད་པ་རེད།  

        ད་སྐབས་སྨྱུག་འཛིན་པས་ཚང་མ་ལ་འཚམས་སྦྱོར་བྱེད་རྒྱུ་ནི་རྒྱལ་མོ་ཚ་བ་རོང་གི་ཡུལ་གྱི་ལྟེ་གནས་འབར་ཁམས་གྲོང་ཁྱེར་སྒོ་ཡག་སྡེ་བའི་ཨ་ཡིག་རང་བྱོན་མཇལ་སྐོར་སོང་བའི་མཐོང་ཐོས་མྱོང་གསུམ་དེ་ཡིན་ལགས།  

        ཡ་མཚར་བའི་སྒོ་ཡག་ཨ་ཡིག་རང་བྱོན་འདི་ནི་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་འབར་ཁམས་གྲོང་རྡལ་སྒོ་ཡག་སྡེ་བའི་རུ་ཁག་གཉིས་པའི་སྡེ་མདོ་ནས་རི་ཕྱུག་དགོན་པའི་ཕྱོགས་སུ་སྤྱི་ལེ་གསུམ་ཙམ་གྱི་རི་ངོས་སུ་འཛེགས་རྗེས། རི་རྐེད་ཀྱི་ནགས་ཚལ་སྟུག་པོའི་དཀྱིལ་ན་བྲག་རི་མཐོ་ཚད་སྨི་ལྔ་ཙམ་ཡོད་པའི་བྲག་རྡོའི་ངོས་སུ་ཨ་ཡིག་རང་བྱོན་མང་བོ་ཁྲ་ལེ་ངེ་འཆར་འདུག གནས་དེ་ལ་འགྲོ་བའི་གཞུང་ལམ་ཡོད་པས་རླངས་འཁོར་སྐོར་བའམ་རྐང་ཐང་སོང་ན་སྟོབས་བདེ་མོ་ཞིག་རེད།

        བྲག་ངོས་སུ་ཨ་ཡིག་རང་བྱོན་གཅིག་ཙམ་མ་ཚད་པར། མཇལ་བ་ཚོའི་མིག་ལམ་དུ་གསལ་མོ་མཐོང་ཐུབ་པ་ནི་ཨ་ཡིག་རང་བྱོན་གྱི་ཐིག་ཕྲེང་གསུམ་དང་ཨ་ཡིག་རང་བྱོན་གྱི་ཡིག་འབྲུ་དགུ་མཇལ་རྒྱུ་འདུག འདི་ནི་རང་ལྟ་བུར་མཚོན་ན་རང་བྱོན་གྱི་ཨ་ཡིག་འདི་འདྲ་གསལ་མོ་མཇལ་ཐུབ་པ་ནི་ཐེངས་དང་བོ་ཡིན།

        སྒོ་ཡག་སྡེ་བའི་རུ་ཁག་གསུམ་པའི་ལོ་ན་༦༥ལོན་པའི་རྒན་པོ་གཡུང་དྲུང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཁོང་གིས་ང་ཆུང་དུས་ཕ་ཨ་ཁུ་ཨ་མྱེས་ཚོས་བཤད་སྲོལ་ལ། སྒོ་ཡག་གི་ཨ་ཡིག་རང་བྱོན་མཆིས་པའི་གནས་ཆེན་འདི་ནི་ཡུལ་ཕྱོགས་འདིའི་རྟེན་དང་ས་ཕྱོགས་འདིའི་གཅེས་ནོར་ཡིན་པ་མ་ཟད། ཡུལ་ཕྱོགས་སོ་སོ་ནས་མཇལ་སྐོར་བའང་མང་བོ་ཡོང་སྲིད། ཉིན་བཟང་སྐར་བཟང་གི་དུས་སུ་གནས་ཆེན་འདིར་ཆོས་དུང་གི་སྒྲ་དབྱངས་དང་རྔ་བོ་རོལ་མོ་སོགས་འབུད་རྡུང་དཀྲོལ་གསུམ་གྱི་སྒྲ་སྙན་དེ་དག་ཡུལ་མི་ཚོའི་སྒྲ་འཛིན་དབང་བོར་གོ་ཐོས་དང་བཤད་སྲོལ་ཡོད་པ་མ་ཟད། ད་རུང་དགུན་ལུག་ཟླ་ནང་དུ་གཏེར་ཆུ་བབ་རྒྱུ་ཡོད་པ་དང་དབྱར་སྟག་ཟླ་ནང་དུ་གཏེར་ཆུ་མེད་པ་སོགས་ཀྱི་རྟགས་མཚན་མང་བོ་མཐོང་རྒྱུ་ཡོད་ཅེས་ཟེར།

        གཞན་ཡང་རྒན་པོ་གཡུང་དྲུང་གིས་ཨ་ཡིག་རང་བྱོན་འདི་ཉིད་ཨ་མཆོག་རིན་པོ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཐུབ་བསྟན་མཁྱེན་རབ་ཡེ་ཤེས་རྒྱལ་མཚན་ཁོང་ཚང་དང་འབྲེལ་བ་དམ་པོ་ཡོད་ཟེར། ཨ་མཆོག་རིན་པོ་ཆེན་སྐུ་ཕྲེང་བཞི་བ་༡༩༤༥ལོར་འབར་ཁམས་གྲོང་ཁྱེར་འབར་ཁམས་གྲོང་རྡལ་འབོ་ལ་སྡེ་བར་སྐུ་འཁྲུངས་ཤིང་། སྐུ་འཁྲུངས་ཡུལ་ནི་དེང་སང་འབར་ཁམས་རྫོང་གི་སློབ་འབྲིང་གཉིས་པའི་ཟུར་ན་མཆིས་པ་མ་ཟད། ཁོང་ཚང་གིས་ས་དེར་གཟིམ་ཁང་གསར་བཞེངས་གནང་གིན་ཡོད། རྒྱབ་རི་ནི་གདུགས་ལྟ་བུའི་གཟུགས་དབྱིབས་ཅན་དང་མདུན་ངོས་སུ་ཆབ་རྒྱུན་རིང་མོ་སོ་མང་ཆུ་བོ་ལྷ་དར་བཞིན་དུ་བསྲིངས། མཐའ་སྐོར་ན་འབྲུ་རིགས་སྣ་ལྔའི་ལོ་ཏོག་སྨིན་ཅིང་རྩི་ཤིང་ནགས་ཚལ་གྱིས་རྒྱན་འདུག ཁོང་ཚང་གི་ཡང་སྤྲུལ་ངོས་འཛིན་གནང་དུས་འཁྲུངས་ཡུལ་གྱི་ས་ཆའི་མིང་དང་ཕ་ཡབ་མ་ཡུམ་གྱི་མཚན། ཡང་སྤྲུལ་བྱིས་པའི་མཚན། མདུན་ཕྱོགས་ཀྱི་གནས་རི་ཁྱད་པར་ཅན་གྱི་རི་རྐེད་ན་ཨ་ཡིག་རང་བྱོན་སོགས་ཀྱི་རྟགས་མཚན་ཡ་མཚར་བ་མང་བོར་ཞིབ་དཔྱད་མཛད་ནས་ཡང་སྤྲུལ་ངོས་འཛིན་གནང་ལུགས་བཤད་སྲོལ་ཡོད།  

        ད་ལྟར་ཡུལ་མིའི་ཆོས་དད་མང་ཚོགས་ཀྱིས་དུས་ཆེན་དང་ཉིན་བཟང་སྐར་བཟང་གི་སྐབས་སུ་ཨ་ཡིག་རང་བྱོན་ཡོད་པའི་གནས་སུ་རི་བསང་ཕུད་བ་དང་དར་ལྕོག་འཐེན་པ།  རླུང་རྟ་གཏོར་བ་སོགས་ཀྱི་ཆོས་ལུགས་ཀྱི་མཛད་སྒོ་སྤེལ་ཞིང་སྲུང་སྐྱོང་བདག་འཛིན་བྱེད་ཀྱིན་ཡོད། ཁྱེད་རང་ངོ་མཚར་བའི་ཨ་ཡིག་རང་བྱོན་འདི་ཉིད་མཇལ་འདོད་ཡོད་ན་གནས་དེར་སོང་དང་། འདྲེན་བྱེད་མིག་ལམ་གྱི་མཆོད་པའི་བདུད་རྩིར་འགྱུར་ངེས་སོ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1