གཙོ་ངོས།>> དམངས་སྲོལ།>>གཉེན་སྟོན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༣ཚེས་༢༠ཉིན།

༄༅།། དཔལ་ཡུལ་ས་ངན་གྱི་གཉེན་སྒྲིག་ལུགས་སྲོལ།

   སྤྱིར་གཉེན་སྒྲིག་བྱེད་པ་ནི་འཇིག་རྟེན་འཁོར་བའི་རྟེན་འབྲེལ་གྱི་ཆོས་ཉིད་ཅིག་དང་། ཕོ་མོ་གཉིས་ལ་མི་ཚེའི་ལོ་རྒྱུས་ཐོག་ཆེས་མེད་དུ་མི་རུང་བའི་འཚོ་བའི་ཆ་ཤས་ཤིག་ཡིན་པ་ནི་སྨྲོས་མེད་རེད། དཔལ་ཡུལ་ས་ངན་ནི་གཉེན་སྒྲིག་སྐོར་ཕ་རྒྱུད་གཙོ་བོ་བྱེད་པའི་ཡུལ་ཞིག་ཡིན་ཞིང་ཕོ་མོ་ཕན་ཚུན་བར་ཕ་ཚོའམ་སྐོར་པ་གཅིག་པ་ཡིན་པར་ཤེས་ན་གཉེན་སྒྲིག་སྲོལ་མེད། གལ་སྲིད་དོན་དེ་འདྲ་བྱུང་ན་ངོ་ཚར་བརྩི། ཡིན་ཡང་མའི་ཕྱོགས་ཀྱི་གཉེན་ཉེ་དང་གཉེན་སྒྲིག་སྲོལ་ཡོད།
    ཕོ་མོའི་གཉེན་སྒྲིག་གི་འདུན་པ་ནི་རང་དབང་མིན་ལ་ཕ་རྒན་དང་ཨ་ཁུ་གཙོ་བོར་བྱས་པའི་ཕ་ཚོས་ཕྱོགས་ནས་ཐག་གཅོད་པ་ལས་བུ་དང་བུ་མོ་བར་རང་མོས་ཀྱིས་གཉེན་མཐུན་བྱུང་སྟེ་བསྡད་པ་ནི་ཧ་ཅང་ཉུང་། སྤྱིར་བཏང་ཁྱོ་གཅིག་ལ་ཤུག་གཅིག་ཡོད་པ་ནི་རྒྱུན་སྲོལ་ཞིག་ཏུ་ངེས་ནའང་། ཕ་རྒྱུད་ཀྱི་ལུགས་སྲོལ་མི་འདྲ་བས་ཤུག་གཅིག་ལ་ཁྱོ་གཉིས་དང་གསུམ་ཡོད་པའི་སྲོལ་ཡོད། གལ་སྲིད་མནའ་མ་ལ་བུ་མེད་ན་ཁྱོ་གས་མནའ་མ་གཞན་བཙལ་ཆོག་པའི་སྲོལ་ཡང་འདུག གནའ་དུས་སུ་བུ་མོར་མག་པ་འཇོག་པའི་ལུགས་སྲོལ་མེད་ནའང་། དེང་སང་བུ་མོར་ཡང་མག་པ་འཇོག་ཆོག་པའི་སྲོལ་ཡོད།
༡ བག་མ་སློང་ཡུལ།
        ཕོ་མོ་ཕན་ཚུན་མ་འདྲིས་ནས་མནའ་མ་སློང་བའམ་འདྲིས་ནས་ཐུག་པ་གང་ཡིན་རུང་མནའ་མ་བསུ་སྐབས་ཐོག་མར་བུ་དེའི་ཕ་དང་ཁུ་བོ་གང་རུང་ཞིག་བུ་མོ་ཚང་ལ་སོང་ནས་དར་དང་ཨ་རག་སོགས་ལག་རྟགས་ཁྱེར་ཏེ་བུ་མོའི་ཕ་མ་གཉིས་ལ་བུ་མོ་བག་མར་སློང་དགོས། ཕ་མ་གཉིས་ཀྱིས་ལག་རྟགས་བླངས་ནས་བུ་མོ་སྟེར་བར་ཁས་བླངས་ན་གཉེན་ཐག་བཅད་ཅེས་ཟེར་བ་རེད།༼ དེའི་རྗེས་སུ་བུ་མོ་དེ་གཞན་ལ་སྟེར་མི་ཆོག་པ་དང་གལ་ཏེ་སྟེར་ན་བག་སྟོང(1)ཞེས་ཁ་མཆུ་དང་གྱོད་ཀྱི་གནད་དོན་འབྱུང་བ་རེད།༽
༢ བག་མ་སྐྱེལ་ཚུལ།

        བག་མ་སྐྱེལ་ཉིན་བག་མའི་ཁྱིམ་མི་ཚང་མ་སྔ་མོར་ལངས་ཏེ་བུ་མོའི་མགོ་ལུས་ཡོངས་ལ་གོས་རྒྱན་རྩ་ཆེན་གྱིས་མཛེས་པར་སྤྲས་ཤིང་དེ་ནས་གོས་བཤད་ས་པ་ཞིག་བཤད་སྲོལ་ཡོད་པ་དང་བུ་མོའི་ཕ་ཚོའི་ཕྱོགས་ཀྱི་ཅུང་ཁ་བདེ་ཞིང་སྨྲ་ལྕེ་དག་པ་སྐོར་ཞིག་གིས་གཙོས་སྐྱེལ་མཁན་བཅུ་ཙམ་ཡོད། བུའི་ཕ་ཚོའི་ཕྱོགས་ཀྱི་མི་ལྔ་ཙམ་བག་མ་བསུ་རུ་ཡོང་། བག་མ་བསུ་མཁན་གྱིས་ལང་གླ(2)ཞེས་པའི་རྒྱུ་ནོར་ཙག་ཙིག་རེ་སྤྲད་དགོས་ཤིང་། <དེ་ནས་བསུ་མཁན་གྱིས་གཡང་འབོད་བྱེད་མི་བག་མ་སྐྱེལ་མཁན་ལ་ཆོག་ཅིང་བྱེད་ཡོང་ན་འཕྱོ་བཀྱགས་པ(3)སོགས་ཀྱི་ཆད་པ་ཡོད།>བག་མའི་གཉེན་ཉེ་དུ་ཚོས་ཉིན་དེའི་ཞོགས་པར་བཀྲ་ཤིས་དར་ཁ་ཁྱེར་ནས་བག་མ་སྐྱེལ་མཁན་ལ་ཡོང་། དེ་ནས་རྟ་ཁ་ལེན་མཁན་གྱིས་བག་རྟ་ཁྲིད་ཅིང་བལ་གདན་དཀར་པོའི་ཐོག་ཏུ་ནས་ཀྱིས་བྲིས་པའི་གཡུང་དྲུང་གི་དཀྱིལ་དུ་བག་མའི་རྐང་པས་བརྫི་རུ་བཅུག་ནས་རྟ་ལ་བཞོན་རྗེས་ལམ་དུ་ཆས་དགོས། དེ་ནས་ལམ་ཕྱེད་དུ་སླེབས་ཚེ་བསུ་ཐུང་བྱེད་མཁན་ཡོད་ཅིང་དེར་གྲལ་བསྒྲིགས་ཏེ་བསུ་མཁན་ཚོས་ཆང་འཐུང་ཞེས་ཆང་བཤམས་པ་ལ་སྐྱེལ་མཁན་ཚོས་ཆང་མི་འཐུང་ཞེས་ཆང་ལ་ནད་ཡོད་ཚུལ་དང་གཙང་མ་མིན་ལུགས་སོགས་ཟུར་ཟའི་ཚིག་མང་པོ་བཤད་ཅིང་། བསུ་མཁན་ཚོས་དེ་ལས་ལྡོག་སྟེ་ཆང་ལ་ཡོན་ཏན་ཡོད་ཚུལ་རྒྱས་པར་བཤད་པས་དེ་ལ་ཆང་བཤད་ཅེས་ཟེར། དེ་ནས་བུ་ཚང་གི་སྒོ་ཁར་སླེབས་ཚེ་རྟ་ལས་འབབ་དུས་སྐྱེལ་མཁན་ཚོས་འབབ་གདན་ཁྱེར་ཤོག་ཅེས་ཟེར་བར་བསུ་མཁན་ཚང་གིས་གཡུང་དྲུང་གི་རི་མོ་བྲིས་པའི་སྟན་དཀར་པོ་ཞིག་བག་མ་རྟ་ལས་འབབ་སར་འཇོག་ཅིང་འབབ་གདན་བཤད་པ་ཞེས་བཤད་པ་རྒྱས་པ་ཞིག་བྱས་ཏེ་བག་མ་རྟ་ལས་འབབ་པར་བྱ། དེའི་འཕྲོར་མདོང་མོའི་ནང་ལ་ཆུ་ཞིག་དང་དེའི་སྟེང་དུ་སྐྱོགས་གཅིག་དང་དར་དཀར་པོ་བཞག་ཡོད་ལ་རེ་རེ་བཞིན་མདོང་བཤད་དང་ཆུ་བཤད། སྐྱོགས་བཤད། དར་བཤད་སོགས་བྱ་དགོས།

༣ ཁྱིམ་དུ་སླེབས་སྐབས།
        ཁྱིམ་ནང་དུ་སླེབས་ཚེ་ཁང་པའི་དཀྱིལ་གྱི་ཀ་བ་ཞིག་ལ་དར་དཀར་ཞིག་བཏགས་ཏེ་ཁང་པའི་སྟེང་འོག་གཡས་གཡོན་ཡོད་ཚད་འདི་འདྲ་ཡིན་ཚུལ་སོགས་ཀྱི་ཁང་བཤད་དམ་ཀ་བཤད་རྒྱས་པ་ཞིག་བྱས་ཏེ་རིམ་བཞིན་ཚང་མ་གདན་ཐོག་ཏུ་བཀོད་པ་རེད། དེ་ནས་ཁ་དྲོ་བའི་རྟེན་འབྲེལ་དུ་གྲོ་ཆན་ཞིག་གསོལ་ཏེ་ཕན་ཚུན་ཧ་ཅང་དགོད་བྲོ་བའི་འཕྱས་རྒྱག་རེས་བྱས་ཏེ་ཚང་མར་ནངས་སྔ་མོ་ངོམ་རྒྱུ་ཡོད་ན་ངོམ་ཤོག་སོགས་ཕན་ཚུན་ལ་མཚར་གཏམ་དང་ཀུ་རེའི་ངང་ཉིན་དང་པོ་དེ་ཙམ་བྱེད་པ་རེད། ཉིན་གཉིས་པར་མག་པའི་གཉེན་ཉེ་ཆེན་པོ་ཚང་ཞིག་ལ་བག་སྐྱེལ་རྣམས་མགྲོན་དུ་འགྲོ། ཚང་མ་དུས་ཐོག་དུ་འཛོམས་ནས་ཕན་ཚུན་སྲིད་པ་ཆགས་ཚུལ་རེ་རེ་བཤད། དེ་ནས་ཕ་བཤད་རྒྱས་པ་རེ་བཤད་རེས་བྱས་ཤིང་དེ་ཡང་བསྟོད་བསྔགས་དང་བཟང་བཤད་ཆེད་བརྗོད་བྱེད་པ་ལས་སྐྱོན་ཚིག་དམའ་འབེབ་སོགས་རྩ་བ་ནས་མི་བསྲེ། དེ་ནས་གླུ་ལེན་བྲོ་རྡུང་སོགས་ཀྱི་སྟོན་མོ་ལ་རྒྱ་ཆེར་རོལ་བ་རེད། བྱིས་པ་རྣམས་ལ་དཔེ་ཁ་རྩོད་ཅེས་དཔེ་བཞག་རེས་བྱས་ནས་རྩེད་མོ་རྩེ་བ་སོགས་ཡོད་པ་རེད། འདི་ནི་ཁམས་དཔལ་ཡུལ་ས་ངན་ཕྱོགས་ཀྱི་མི་རབས་གོང་མ་ནས་བརྒྱུད་ཡོང་བའི་སྲོལ་རྒྱུན་གཉེན་སྲོལ་མདོ་ཙམ་བརྗོད་པ་ལགས་ལ། ད་ལྟ་གཉེན་སྲོལ་སྟོན་བཤད་སོགས་ཀྱིས་མཚོན་ཕ་མེས་ནས་བརྒྱུད་པའི་བཤད་པ་དང་། མགུར། གླུ། བྲོ། ཁེད་སོགས་སྲོལ་རྒྱུན་གྱི་རིག་གནས་དེ་དག་ཉམས་ཆག་གི་གནས་སུ་ལྷུང་ཞིང་ད་ལྟའི་གཞོན་རབས་པའི་དྲན་འཛིན་གྱི་ཡུལ་ལས་ཡལ་བཞིན་ཡོད་པ་ནི་རང་རེའི་རིགས་ཀྱི་ཉམས་རྒུད་ཉེན་ཚབ་ཆེ་བ་ཞིག་ཏུ་གཏོགས་སོ། ། 
མཆན། (1) ༼ བག་སྟོང༽ བག་སྟོང་ཞེས་པ་ནི་བག་གྱོད་དམ་བག་མ་སྦྱིན་ཚར་རྗེས་ཡང་མི་སྦྱིན་ནས་ཕོ་མོ་ཁྱིམ་ཚང་བར་གྱོད་ཐུག་ནས་གྱོད་ཕམ་ཡར་སྒོར་མོའམ་སྟོང་འཇལ་བ་ལ་ཟེར། (2)༼ ལང་གླ༽ཞེས་པ་ནི་བག་མ་ཡར་ལང་ནས་བག་མ་བསུ་མཁན་དང་མཉམ་དུ་གནས་ལ་ཆས་དགོས་ན་བསུ་མཁན་གྱིས་བུ་མོའི་གཉེན་ཉེ་ལ་བུ་མོ་ཡར་ལང་བར་གླ་ཆ་ཡང་ན་ལེགས་སྐྱེས་ཕུལ་དགོས་པར་གོ། (3)༼ འཕྱོ་བཀྱགས་པ༽ ཞེས་པ་ནི་རྐང་ལག་བཞི་ལ་འཇུས་ནས་ཕར་གཡུག་ཚུར་གཡུག་བྱེད་པ་སྟེ། ཡུལ་ལུང་འགའ་རེར་ཇ་ཕྱུག་ཆང་ཕྱུག་ཟེར་སྲོལ་ཡོད།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1