སྤོ་བོ་རྫོང་ཁོངས་ནས་གནའ་བོའི་བང་སོ་13རྙེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 04-10


        ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཁོངས་ནས་ལོ་ངོ་2700ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་རྡོ་གཡམ་བང་སོ་13གསར་དུ་རྙེད་པ་དེ་བོད་ཀྱི་གནའ་བོའི་དུར་འཇུག་རིག་གནས་དང་ཡུལ་གོམས་གཤིས་ལུགས་ལ་ཞིབ་འཇུག་བྱེད་རྒྱུའི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད་ལ། ཡིག་ཐོག་ཟིན་ཐོ་མེད་པའི་སྐབས་ཀྱི་མིའི་རིགས་འཕེལ་རྒྱས་བྱུང་ཚུལ་ལ་ཤེས་རྟོགས་དང་ཞིབ་འཇུག་བྱེད་རྒྱུར་གཞི་འཛིན་ས་ཁུངས་བཙན་པོ་ཞིག་མཁོ་འདོན་བྱས་ཡོད།
        བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ཨ་སྒང་རོང་བང་སོ་སྤོ་བོ་རྫོང་ཆུ་མདོ་གྲོང་རྡལ་དུ་གནས་ཡོད་ཅིང་།  ན་ནིང་ལོ་མཇུག་ཏུ་གནའ་རྫས་རྟོག་ཞིབ་མི་སྣས་སྔོག་འདོན་བྱས་པའི་བང་སོ་13ནང་ནས་11ནི་ཅུང་དཔེ་མཚོན་ཅན་གྱི་རྡོ་གཡམ་བང་སོ་ཡིན་ལ། 2ནི་རྡོ་སྐྱོར་བང་སོ་ཡིན་པ་རེད།  
        བང་སོ་ནས་ཐོན་པའི་མིའི་རུས་པར་བརྟག་ཞིབ་བྱས་པའི་གྲངས་གཞིར་གཞིགས་ན།  ད་བར་ལོ་1800ནས་2700བར་གྱི་ལོ་རྒྱུས་ལྡན་པ་དང་།  དེའི་ཁྲོད་ལོ་གྲངས་སྔ་ཤོས་ནི་སྤྱི་ལོའི་སྔོན་གྱི་ལོ་750ནས་སྤྱི་ལོའི་སྔོན་གྱི་ལོ་405བར་ཡིན་པ་རེད།
        བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཤར་རྒན་དབང་འདུས་ཀྱིས་ངོ་སྤྲོད་བྱས་པར། བང་སོ་གཉིས་ཀྱི་ནང་ནས་ཅུང་ཆ་ཚང་བའི་མིའི་རུས་སྒྲོམ་ཁག་2གཙང་སེལ་བྱས་པ་དང་། བང་སོ་9ཡི་ནང་མིའི་རུས་པ་ཉུང་ཤས་དུར་འཇུག་བྱས་ཡོད།   བང་སོའི་ནང་ད་དུང་རྫ་ཆས་དང་། རྡོ་ཆས།  ལྕགས་རིགས་སོགས་ཡོད་པའི་ཁྲོད་ཆ་ཚང་བའི་རྫ་ཆས་ཁག་8དང་།  རྡར་རྡོ་1  ལིའི་མདའ་ལྕགས་3  དེ་བཞིན་ལྕགས་རོ་ཁག་གཅིག་ཐོན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1