རྒྱལ་ཡོངས་ཀྱི་ཞིང་ཆེན་29ཡིས་ཕྲུ་གུ་བཙའ་དུས་ཀྱི་ངལ་གསོའི་ཉིན་ཇེ་རིང་དུ་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-08


        ཕྲུ་གུ་གཉིས་བཙའ་བའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་རྗེས། ས་གནས་ཁག་ཏུ་ཕྲུ་གུ་བཙའ་བའི་བྱ་དགའི་ངལ་གསོའམ་ཕྲུ་གུ་བཙའ་དུས་ཀྱི་ངལ་གསོ་ཇེ་རིང་དུ་གཏོང་བའི་ཁ་སྣོན་བརྒྱབ་སྟེ་ཕྲུ་གུ་གཉིས་ཅན་གྱི་ལོ་ན་མཐོ་བའི་སྦྲུམ་མ་མང་ཆེ་བའི་བདེ་ཐང་སྲུང་སྐྱོར་སྔར་ལས་ལྷག་པར་བྱས་པ་རེད། ཕྲུ་གུ་བཙའ་དུས་སུ་ངལ་གསོ་ཐེངས་གཉིས་རྒྱག་པ་དང་ཕྲུ་གུ་བཙའ་དུས་ཀྱི་ངལ་གསོའི་ཁ་གསབ་རོགས་དངུལ་ཐེངས་གཉིས་ལེན་པ་ལས་བུ་བཙའི་འགན་བཅོལ་ཐེབས་རྩའི་གཏོང་སྤྲོད་ལ་གནོན་ཤུགས་ཇེ་ཆེར་ཕྱིན་པ་རེད། ཆེད་མཁས་པས་དོན་དག་འདིར་བརྟེན་ནས་ཁེ་ལས་ཀྱི་འགན་འཁུར་ཇེ་ལྕིར་གཏོང་མི་རུང་། གལ་སྲིད་དེ་འདྲ་བྱུང་ན། ལས་གནས་ཀྱི་ཕོ་མོའི་ལྟ་སྟངས་ཇེ་ཆེར་འགྲོ་སྲིད་པས། ཚང་མའི་ཕྲུ་གུ་བཙའ་བའི་འདོད་འདུན་ལ་ཤུགས་རྐྱེན་བཟོ་ངེས་ཞེས་བསྟན་པ་རེད།
        2017ལོ་ནི། ཕྲུ་གུ་གཉིས་བཙའ་ཆོག་པའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་ལོ་གཉིས་པ་ཡིན་ལ། 2016ལོར་མི་གྲངས་ཁྲི་130འཕར་ཡོད་ལ། དེའི་ནང་ཕྲུ་གུ་གཉིས་པས་45%ཟིན་ཡོད་པ་རེད། ཕྲུ་གུ་གཉིས་པ་བཙའ་དུས། ཕྲུ་གུ་བཙའ་བའི་ངལ་གསོ་དེ་ཕྲུ་གུ་དང་པོ་བཙའ་དུས་དང་མཉམ་པ་ཞིག་ཡིན་ནམ། གལ་སྲིད་ཕྲུ་གུ་བཙའ་དུས་ཀྱི་ངལ་གསོ་ཉུང་ན། ཕྲུ་གུ་གཉིས་པ་བཙའ་བའི་ལོ་ན་མཐོ་བའི་སྐྱེས་མ་མང་པོ་ཞིག་གི་བདེ་ཐང་དང་ཕྲུ་གུར་བདག་སྐྱོང་བྱེད་པར་གནོད་པ་ཡོང་ངེས་པ་མ་ཟད། ཕྲུ་གུ་བཙའ་འདོད་ཡོད་པའི་ཁྱིམ་ཚང་གཞན་དག་ཐེ་ཚོམ་སྐྱེས་སུ་འཇུག་པར་བྱེད་པ་རེད།
        རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་《མི་འབོར་དང་འཆར་ལྡན་བུ་བཙའི་སྐོར་གྱི་བཅའ་ཁྲིམས》ལྟ་སྐུལ་ཞིབ་བཤེར་ལས་དོན་སྤེལ་ཚུལ་སྐོར་གྱི་བརྡ་ཁྱབ་ལ་གཞིགས་ན། རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར་)29ཡིས་ས་གནས་ཀྱི་མི་འབོར་དང་འཆར་ལྡན་བུ་བཙའི་སྲོལ་ཡིག་དག་བཅོས་བྱས་པ་རེད། 《བུད་མེད་ལས་བཟོ་པའི་ངལ་རྩོལ་སྲུང་སྐྱོབ་ཀྱི་དམིགས་བསལ་གཏན་འབེབས》ཀྱི་ཕྲུ་གུ་བཙའ་དུས་ཀྱི་ངལ་གསོ་ཉིན་98ཡི་རྨང་གཞིའི་ཐོག ས་གནས་ཁག་གིས་དག་བཅོས་བྱས་རྗེས་ཀྱི་སྲོལ་ཡིག་ཏུ་ཕྲུ་གུ་བཙའ་བའི་བྱ་དགའི་ངལ་གསོའམ་ཕྲུ་གུ་བཙའ་དུས་ཀྱི་ངལ་གསོ་ཇེ་རིང་དུ་བཏང་བ་གཉིས་ཁ་སྣོན་བརྒྱབ་ཡོད་ཅིང་། ཡོངས་ཁྱབ་ཏུ་ཕྲུ་གུ་བཙའ་དུས་ཀྱི་ངལ་གསོ་ཉིན་138ནས་158བར་ཡིན་ཞིང་། ཁྱོ་གས་ནད་གཡོག་རྒྱུག་པའི་ངལ་གསོའམ་བདག་སྐྱོང་བྱེད་པའི་ངལ་གསོ་སྤྱིར་བཏང་ཉིན་15ནས་30བར་ཡིན་པ་རེད།
        ཕྲུ་གུ་བཙའ་དུས་ཀྱི་ངལ་གསོ་ནི་སྐྱེས་མར་ཕྲུ་གུ་བཙའ་དུས་ཀྱི་ངལ་གསོ་ཟེར་བ་དེའི་དམིགས་ཡུལ་ནི་བུད་མེད་ཀྱི་བུ་བཙའི་ཁེ་དབང་སྲུང་སྐྱོང་དང་། བུད་མེད་ཀྱི་ལུས་ཁམས་བདེ་ཐང་སྲུང་སྐྱོང་། བུད་མེད་ལས་བཟོ་པའི་ངལ་རྩོལ་ཐོན་སྐྱེད་ནུས་ཤུགས་རྒྱུན་འཁྱོངས་བྱེད་པ་བཅས་ལ་འགན་སྲུང་བྱེད་པ་དང་ཆབས་ཅིག ཨ་མའི་འོ་མས་ཕྲུ་གུ་གསོ་སྐྱོང་དང་ཕྲུ་གུར་ལྟ་སྐྱོང་བྱེད་ཡུན་འགན་ལེན་བྱས་ཏེ་མ་བུ་གཉིས་ཀྱི་བདེ་ཐང་ལ་ཕན་ཐོགས་ཡོད་པ་རེད། རང་རྒྱལ་དུ། ཕྲུ་གུ་གཉིས་བཙའ་བའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་འཚམ་པའི་མི་ཚོགས་ཀྱི་2/3ནི་ལོ་35ཡན་ཆད་ཡིན་ཞིང་། ཕྲུ་གུ་གཉིས་པ་བཙའ་དུས་ཀྱི་ངལ་གསོ་ཇེ་རིང་དུ་གཏོང་བར་དོན་སྙིང་དངོས་གལ་ཆེན་ཞིག་ཡོད་པ་རེད།
        《བུད་མེད་ལས་བཟོ་པའི་ངལ་རྩོལ་སྲུང་སྐྱོབ་ཀྱི་དམིགས་བསལ་གཏན་འབེབས》ཀྱི་བླང་བྱར། གལ་ཏེ་གཏན་འབེབས་ནང་གི་ཕྲུ་གུ་བཙའ་དུས་ཀྱི་ངལ་གསོ་དོན་འཁྱོལ་མ་བྱས་ན། བུད་མེད་ལས་བཟོ་པས་ཁྲིམས་མཐུན་ལྟར་ཞུ་གཏུག་དང་། ཐེར་འདོན། རྒྱུ་མཚན་ཞུ་འབུལ། ཁྲིམས་མཐུན་ལྟར་ངལ་རྩོལ་གྱི་མི་དོན་རྩོད་གཞི་འདུམ་སྒྲིག་དང་འདུམ་གཅོད་ལས་ཁུངས་ཀྱི་འདུམ་གཅོད་ལ་འདུམ་འགྲིག་བྱེད་རེ་ཞུས་པ་དང་། ཁྲུན་ཐག་བཅད་དོན་བློར་མ་བབས་ན། ཁྲིམས་མཐུན་ལྟར་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཆོག་ཚུལ་བཏོན་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1