རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཚོགས་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-15


        ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་པེ་ཅིང་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ནས་འཚོགས་འགོ་ཚུགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གླེང་སྟེགས་ཚོགས་འགོ་ཚུགས་པའི་མཛད་སྒོར་ཞུགས་པར་མ་ཟད་ཁ་ཡིག་ལ་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལག་བསྟར་བྱེད་དགོས་ཞེས་པའི་གསུང་བཤད་གནང་། ཁོང་གིས་ཞི་བདེ་མཉམ་ལས་དང་སྒོ་འབྱེད་བཟོད་སྒོམ། ཕན་ཚུན་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། གཉིས་ཕན་མཉམ་རྒྱལ་སྲོག་ཤིང་ཡིན་པའི་དར་གོས་ཚོང་ལམ་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱེད་པ་དང་། མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལག་བསྟར་བྱས་ཏེ། རྒྱུད་གཅིག་ལམ་གཅིག་དེ་ཞི་བདེའི་བགྲོད་ལམ་དང་དར་རྒྱས་བགྲོད་ལམ། སྒོ་འབྱེད་བགྲོད་ལམ། གསར་སྐྲུན་བགྲོད་ལམ། དཔལ་ཡོན་བགྲོད་ལམ་དུ་འགྱུར་བར་འཛུགས་སྐྲུན་བྱེད་དགོས་པར་མ་ཟད་སྔར་ལས་མཛེས་པའི་མ་འོངས་པར་མདུན་སྐྱོད་བྱེད་དགོས་ཞེས་ནན་གྱིས་བསྟན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་གླེང་སྟེགས་ཚོགས་འགོ་ཚུགས་པའི་མཛད་སྒོར་མགོ་འཛིན་མཛད། 
        ཉིན་དེའི་སྔ་དྲོའི་དུས་ཚོད་དགུའི་སྟེང་། ཞི་ཅིན་ཕིང་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་ཚོགས་རར་ཕེབས་པ་དང་ཀྲང་ཀའོ་ལིས་ཀྱིས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཚོགས་འགོ་བརྩམས་པ་ཁྱབ་སྒྲོག་མཛད། ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུའུ་ཞིའི་སྟེགས་བུའི་སྟེང་ཕེབས་ཏེ་གསུང་བཤད་གནང་། ཁོང་གིས་བསྟན་དོན། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གྲོས་མགོ་བཏོན་པ་དེ་དུས་རབས་ཀྱི་བཞུར་རྒྱུན་དང་མཐུན་པ་དང་། འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་ལ། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཁེ་ཕན་དང་མཐུན་པར་མ་ཟད་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ང་ཚོས་བབ་བསྟུན་མདུན་སྐྱོད་དང་གནས་བབ་དང་མཐུན་པར་བྱས་ཏེ། མཉམ་དུ་རྒྱུད་གཅིག་ལམ་གཅིག་ལག་བསྟར་བྱེད་པ་དང་སྔར་ལས་མཛེས་པའི་མ་འོངས་པར་མདུན་སྐྱོད་བྱ་དགོས་ཞེས་བསྟན། 
        ཞི་ཅིན་ཕིང་གིས་གསུངས་རྒྱུར། གཅིག རྒྱུད་གཅིག་ལམ་གཅིག་དེ་ཞི་བདེའི་བགྲོད་ལམ་དུ་འགྲུབ་པར་བྱེད་དགོས། གཉིས། རྒྱུད་གཅིག་ལམ་གཅིག་དེ་དར་རྒྱས་བགྲོད་ལམ་དུ་འགྲུབ་པར་བྱེད་དགོས། གསུམ། རྒྱུད་གཅིག་ལམ་གཅིག་དེ་སྒོ་འབྱེད་བགྲོད་ལམ་དུ་འགྲུབ་པར་བྱེད་དགོས། བཞི། རྒྱུད་གཅིག་ལམ་གཅིག་དེ་གསར་སྐྲུན་བགྲོད་ལམ་དུ་འགྲུབ་པར་བྱེད་དགོས། ལྔ། རྒྱུད་གཅིག་ལམ་གཅིག་དེ་དཔལ་ཡོན་བགྲོད་ལམ་དུ་འགྲུབ་པར་བྱ་དགོས་ཞེས་བསྟན།
        ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་དེ་མགོ་ཚུགས་ས་གསར་བར་གནས་ཡོད། ཀྲུང་གོས་གསར་སྐྲུན་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་བསྟར་བྱས་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྒུལ་ཤུགས་གསར་བ་སྣོན་པ་དང་འཛམ་གླིང་གི་འཕེལ་རྒྱས་ལ་གོ་སྐབས་གསར་བ་སྐྲུན་ངེས་ཡིན། ཀྲུང་གོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་རྨང་གཞིའི་སྟེང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་དུ་ཞུགས་པའི་རྒྱལ་ཁབ་ཡོད་ཚད་བར་གྱི་མཛའ་མཐུན་མཉམ་ལས་ལ་ཤུགས་སྣོན་པར་མ་ཟད། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཕེལ་རྒྱས་ཉམས་མྱོང་ལོངས་སྤྱོད་བྱེད་པ་དང་། མཉམ་ལས་མཉམ་རྒྱལ་གྱི་རྣམ་པ་གསར་བ་གསར་སྐྲུན་བྱས་ནས། འཆམ་མཐུན་མཉམ་གནས་ཀྱི་ཁྱིམ་གཞི་ཆེན་པོ་འཛུགས་སྐྲུན་བྱེད་འདོད་ཡོད་ལ། གྲོས་མཐུན་བཀོད་པའི་དངོས་གཉེར་མཉམ་ལས་ལས་གཞི་སྔ་མོ་ནས་ལག་བསྟར་དང་སྔ་མོ་ནས་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་ངེས་ཡིན་པར་མ་ཟད། མ་དངུལ་གྱི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་སྟེ་དར་གོས་ཚོང་ལམ་གྱི་ཐེབས་རྩའི་མ་དངུལ་ཐད་ལ་མི་དམངས་ཤོག་སྒོར་ཁྲག་ཁྲིག་གཅིག་ཁ་སྣོན་བྱེད་པ་དང་། དངུལ་ལོར་ལས་ཁུངས་ཀྱིས་མི་དམངས་ཤོག་སྒོར་གྱི་ཕྱི་ཕྱོགས་ཐེབས་རྩའི་བྱེད་སྒོ་སྤེལ་བར་སྐུལ་མ་བཏང་ནས། སྔོན་དཔག་བྱས་ན་མི་དམངས་ཤོག་སྒོར་ཁྲག་ཁྲིག་གསུམ་དུ་སླེབ་ངེས་ཡིན། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ་གསར་སྐྲུན་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་ཚན་རྩལ་གསར་སྐྲུན་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་པ་དང་། ཚན་རྩལ་མི་གཞུང་བརྗེ་རེས་དང་མཉམ་འབྲེལ་ཚོད་ལྟ་ཁང་མཉམ་སྐྲུན་བྱེད་པ། ཚན་རྩལ་ས་ཁུལ་བར་གྱི་མཉམ་ལས། ལག་རྩལ་རྒྱུད་སྤོར་བཅས་འགུལ་སྐྱོད་བཞི་སྤེལ་འདོད་ཡོད་པར་མ་ཟད། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་རྗེས་མཐུད་མཉམ་འབྲེལ་རྐྱེན་སྲོལ་འཛུགས་པ་དང་ནོར་སྲིད་དཔལ་འབྱོར་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་དང་ཡར་སྐུལ་ལྟེ་གནས་འཛུགས་པར་མ་ཟད་མཉམ་དུ་སྣ་མང་གསར་སྤེལ་དངུལ་བསྡུའི་མཉམ་ལས་ལྟེ་གནས་དང་ནུས་པའི་འཛུགས་སྐྲུན་ལྟེ་གནས་བཙུགས་ཏེ། མི་གཞུང་མཉམ་ལས་ཀྱི་སྟེགས་བུ་གསར་བ་གསར་སྐྲུན་བྱེད་ངེས་ཡིན་ཞེས་བསྟན། 
        ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་དང་ཐེར་ཁེའི་ཙུང་ཐུང་ཨེ་ཨར་ཏོ་ཨན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་བཅས་ཀྱིས་ཀྱང་གླེང་སྟེགས་ཚོགས་ཚོགས་འགོ་ཚུགས་པའི་མཛད་སྒོའི་སྒོའི་སྟེང་ཤིས་ཚིག་ཕུལ། 
        རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ནི་ཀྲུང་གོས་ཐོག་དང་པོར་གྲོས་མགོ་བཏོན་ནས་བསྡུས་པའི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་སྤྱི་ཁོག་ནང་དུ་རིམ་པ་ཆེས་མཐོ་ཞིང་གཞི་ཁྱོན་ཆེས་ཆེ་བའི་རྒྱལ་སྤྱིའི་གྲོས་ཚོགས་ཤིག་ཡིན་པ་དང་དེའི་བརྗོད་དོན་གཙོ་བོ་ནི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་ཏེ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དང་མཉམ་རྒྱལ་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཞེས་པ་དེ་ཡིན། ཕྱི་རྒྱལ་གྱི་མགོ་གཙོ་དང་སྲིད་གཞུང་གི་མགོ་གཙོ་ཉེར་དགུ་དང་བཅས་པའི་རྒྱལ་ཁབ་བརྒྱ་དང་སུམ་ཅུ་ལྷག་དང་རྒྱལ་སྤྱིའི་རྩ་འཛུགས་བདུན་ཅུ་ལྷག་ནས་ཡོང་བའི་འཐུས་མི་ཆིག་སྟོང་ལྔ་བརྒྱ་ལྷག་ཐེངས་འདིའི་མཐོ་རིམ་གླེང་སྟེགས་ལ་ཞུགས།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1