འཛམ་གླིང་གི་སྟོངས་ཉེའི་སྲོག་ཆགས་དགོ་དམར་དགུན་སྒྲོལ་བདེ་བླག་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-22


        “2016ལོའི་དགུན་ཁ་ཤར་ཚུན། མཚོ་སྔོན་པོའི་ཉེ་འཁོར་དུ་གྲང་ངར་ཆེ་རུ་སོང་བ་དང་མཚོ་འགྲམ་གྱི་རྩྭ་དེ་ཙམ་ཡག་པོ་སྐྱེས་མེད་ནའང་། ང་ཚོས་མི་ཐབས་ཀྱིས་གཟན་རྩྭ་བཀྲམ་པ་སོགས་ལ་བརྟེན་ནས་དགོ་དམར་དགུན་སྒྲོལ་ཡོང་བ་བྱས་པས། མངོན་གསལ་དོད་པོས་འཆི་ཚད་ཉུང་དུ་ཕྱིན་ཡོད”ཅེས་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་ནགས་ཚལ་སྤྱི་བདེ་ཅུས་ཀྱི་འགན་འཁུར་བས་ཉེ་ཆར་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།
        དགོ་དམར་ལ་ཀྲུང་ཧྭའི་དགོ་བ་རྭ་གཉིས་ཀྱང་ཟེར་ལ་དེ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་པ་དང་། རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོང་མནའ་མཐུན་གྱིས“འཛམ་གླིང་གི་ཆེས་སྟོངས་ཉེའི་སྲོག་ཆགས”གྲས་སུ་བཅུག་ནས་《གོ་ལ་ཧྲིལ་པོའི་གཙོད་རིགས་སྲུང་སྐྱོབ་བྱ་སྤྱོད་ཀྱི་འཆར་གཞིའི་》ནང་དང་པོར་བཅུག་པའི་སྟོངས་ཉེའི་དགོ་རིགས་སུ་གྱུར་ཡོད། མིག་སྔར་མཚོ་སྔོན་པོའི་མཐའ་འཁོར་ནི་འཛམ་གླིང་དུ་དགོ་དམར་འཚོ་གནས་བྱ་ཡུལ་འབའ་ཞིག་ཡིན་པ་དང་མགོ་གྲངས་ཆིག་སྟོང་ལྷག་ཙམ་ལས་མེད།
        ངོ་སྤྲོད་བྱས་པ་ལྟར་ན། ན་ནིང་དགུན་ཁ་ཤར་ཚུན། མཚོ་སྔོན་པོའི་མཐའ་འཁོར་དུ་གྲང་ངར་ཆེ་རུ་སོང་བ་དང་། དགོ་དམར་ཁྱུ་དང་ཁྱུ་འཚོ་ཡུལ་ཆེ་ཤོས་ལ་རྩྭ་དེ་ཙམ་ཡག་པོ་སྐྱེས་མེད་པའི་ཁར་དགོ་དམར་དང་ཡུལ་དེ་གའི་འབྲོག་པའི་ཕྱུགས་ཟོག་དབར་གཟན་རྩྭ་འཕྲོག་རེས་ཀྱི་སྣང་ཚུལ་ཅུང་མངོན་གསལ་དོད་པས་དགུན་དུས་སུ་རྩྭ་རར་རྩྭ་ཇེ་ཉུང་དུ་ཕྱིན་ཞིང་། དེའི་ཐད་རྐང་ཚ་རྫོང་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་ཡུལ་དེ་གའི་སྲིད་གཞུང་དང་གོང་རིམ་ལས་སྒོ་སྡེ་ཚན་གྱི་རྒྱབ་སྐྱོར་འོག་རིམ་རྩིས་བྱས་ན་མི་དམངས་ཤོག་སྒོར་ཁྲི་7བཏང་སྟེ་གཟན་རྩྭ་ཏུན་20དང་གཟན་ཆས་རིལ་བུ་ཏུན་3དུས་ངེས་མེད་ཐོག་བཀྲམ་ནས་དམིགས་བསལ་སྲུང་སྐྱོབ་ཁུལ་གྱི་དགོ་དམར་དགུན་སྒྲོལ་བདེ་བླག་ཡོང་བ་བྱས་པ་མ་ཟད། ད་ལོའི་ཟླ་4པ་ནས་ཟླ་6པའི་བར་གྱི་སྐྱ་ཟད་སྔོ་ཐུག་གི་སྐབས་སླར་ཡང་གཟན་ཆས་བསྐྱལ་ཡོད་པ་རེད།
          “དགོ་དམར་གྱི་དགུན་ཁའི་འཐུང་ཆུའི་དཀའ་ངལ་སེལ་ཆེད། ང་ཚོས་དམིགས་བསལ་སྲུང་སྐྱོབ་ཁུལ་དུ་སྟབས་བདེའི་འཐུང་ཆུའི་རྫིང་བུ་17བསྐྲུན་པའི་རྨང་གཞིའི་ཐོག་དགོ་དམར་ཅུང་གཅིག་སྡུད་བྱ་ཡུལ་དུ་ཨར་འདམ་ལྕགས་རྩིབས་མའི་འཐུང་ཆུའི་རྫིང་བུ་28བརྒྱབ་ནས་ཆེད་མིས་དུས་བཀག་ལྟར་ཆུ་བསྐྱིལ་ནས་དགོ་དམར་གྱི་དགུན་སྒྲོལ་འཐུང་ཆུའི་དཀའ་ངལ་བསལ་ཡོད”ཅེས་འགན་འཁུར་བས་བརྗོད་ཅིང་། ཁོང་གིས་ང་ཚོས་ད་དུང་ཆུ་ཡུར་གཞོགས་གཉིས་སུ་ལྕགས་དྲ་སྤྱི་ལེ་9.8བསྐོངས་ནས་དགོ་དམར་ཆུ་ཡུར་ནང་མི་ལྷུང་བར་བྱས་ཡོད་ཅེས་བརྗོད།
        གཞན་ཡང་། དགོ་དམར་རང་དགར་གནས་སྤོ་ཐུབ་ཆེད། མིག་སྔར་དགོ་དམར་སྲུང་སྐྱོབ་ལྟེ་བའི་ཁུལ་གྱི་ལྕགས་དྲའི་གཟེ་མ་ར་མགོ་ཡོངས་མེད་པར་བཟོས་པ་མ་ཟད། ལོ་འཁོར་མོ་ཡུག་ཏུ་འབྲོག་པ་སྒྲིག་འཛུགས་བྱས་ནས་སྐོར་སྲུང་རུ་ཁག་གིས་ཁྲིམས་འགལ་རྔོན་རྒྱག་སོགས་ཀྱི་བྱེད་སྤྱོད་ལ་སྐོར་ཞིབ་ཀྱང་བྱས་པས་སྲོག་ཆགས་དེ་རིགས་འཆི་ཚད་སྔར་བས་ཉུང་དུ་ཕྱིན་ཡོད་པ་རེད།
        བརྟག་དཔྱད་དང་བསྡོམས་རྩིས་བྱས་པ་བརྒྱུད། ན་ནིང་དགུན་ཁ་ཤར་ཚུན་རྐང་ཚ་རྫོང་ཁོངས་སུ་ཕྱིའི་རྒྱུ་རྐྱེན་(ལྕགས་དྲར་འཁོན་ནས་ཤི་བ། སྤྱང་ཀིས་བསད་པ། ལྟོགས་ཤི་ཐེབས་པ། བརྔོན་པས་བསད་པ་སོགས)གྱིས་དགོ་དམར་ཤི་བའི་སྣང་ཚུལ་ཐོན་མེད་པ་དང་། ན་ནིང་དང་བསྡུར་ན་དགོ་དམར་འཆི་ཚད་ཉུང་དུ་མངོན་གསལ་སོང་ཞིང་། མིག་སྔར་ས་ཁུལ་དེ་གའི་དགོ་དམར་གྱི་གྲངས་འབོར་900ལྷག་བར་སླར་གསོ་ཐུབ་ཡོད།
         གཞན་ཡང་མཚོ་སྔོན་པོའི་མཛེས་ལྗོངས་དོ་དམ་ཅུས་ཀྱིས་མཚོའི་མཐའ་འཁོར་ཡོངས་སུ་2016ལོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཕྱོགས་བསྡུས་ལྟ་ཞིབ་ཚད་འཇལ་བྱས་པ་ལས་མངོན་པ་ལྟར་ན། མཚོ་སྔོན་པོའི་མཐའ་འཁོར་དུ་དགོ་དམར་1464ཡོད་པ་ཟིན་ཐོར་བཀོད་པ་དེ་2015ལོའི་དུས་མཚུངས་ལས་551མང་དུ་སོང་ཡོད། དེ་ནི་སྐོར་བཤེར་ཟིན་ཐོ་བཀོད་ཚུན་འཕར་ཚད་མང་ཤོས་ཀྱི་ལོ་གཅིག་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1