རང་ཞིང་གིས་རོལ་དབྱངས་ཐོན་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-31


        ཉིན་འགའི་སྔོན་དུ་གསར་འགོད་པས་ཞིང་ཆེན་ནོར་སྲིད་ཐིང་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། རང་རེའི་ཞིང་ཆེན་གྱིས་ཐོག་དང་པོར་ཞིང་ཆེན་རིམ་པའི་རོལ་དབྱངས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཆེད་དོན་དངུལ་རྩ་བཙུགས་པ་དང་། ད་ལོ་ནས་བཟུང་། ཞིང་ཆེན་ནོར་སྲིད་ཀྱིས་ལོ་རེར་མ་དངུལ་སྒོར་ཁྲི་2000གཏོང་འཇོག་བྱས་ནས་རོལ་དབྱངས་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་རེད།
        ཆེད་དོན་དངུལ་རྩ་འདིས་སྲོལ་རྒྱུན་གྱི་རོལ་དབྱངས་ཐོན་ལས་དང་ཚན་རྩལ་སོགས་མཉམ་འདྲེས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་། རོལ་མོའི་ཁེ་ལས་རིམ་འགྱུར་དང་། ཐོན་ལས་གཅིག་འདུས། རོལ་མོའི་ཆེད་ལས་ཀྱི་སྟེགས་བུ་བཅས་བསྐྲུན་ནས། རང་གིས་གསར་བཟོ་བྱས་པའི་རོལ་དབྱངས་བརྩམས་ཆོས་དཔེ་སྐྲུན་དང་། པར་དབང་ལ་སྲུང་སྐྱོང་། པར་དབང་བརྗེ་རེས། དྲིལ་བསྒྲགས་དང་ཁྱབ་གདལ་དུ་གཏོང་བ། དེ་མིན་རོལ་དབྱངས་ཀྱི་ཆེད་ལས་འཇོན་མི་སྔོག་འདོན་དང་གསོ་སྐྱོང་། ཟབ་སྦྱོང་། ནང་འདྲེན་སོགས་བྱེད་པའི་ཐད་དུ་བཀོལ་རྒྱུ་རེད།  
        ཞིང་ཆེན་ནོར་སྲིད་ཐིང་དང་། ཞིང་ཆེན་རིག་གནས་ཐིང་། ཞིང་ཆེན་གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་བཅས་ཀྱིས་མཉམ་གཅིག་ཏུ་བཏོན་པའི་སི་ཁྲོན་ཞིང་ཆེན་གྱིས་རོལ་དབྱངས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཆེད་དོན་མ་དངུལ་དོ་དམ་བྱེད་ཐབས་ཞེས་པ་གཞིར་བཟུང་ནས། ཆེད་དོན་མ་དངུལ་འདིས་འགྲན་རྩོད་བྱེད་པའི་བྱེད་ཐབས་ཀྱིས་ཆ་རྐྱེན་དང་འཚམས་པའི་རྣམ་གྲངས་དེ་རང་རེའི་ཞིང་ཆེན་དུ་ཐོ་འགོད་བྱ་དགོས་པར་མ་ཟད་ཁྲིམས་ལྟར་ཁྲལ་འཇལ་བ་དང་། རོལ་དབྱངས་ཐོན་ལས་ཀྱི་འབྲེལ་ཡོད་བྱ་བ་སྒྲུབ་མཁན་གྱི་ཁེ་ལས་དང་བྱ་བཞག་སྡེ་ཁག་གིས་གཉེར་བཞིན་པའི་རོལ་དབྱངས་ཐོན་ལས་ཀྱི་རྣམ་གྲངས་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།
        རྒྱབ་སྐྱོར་བྱེད་ཐབས་ཀྱི་ཕྱོགས་སུ། རྣམ་གྲངས་ལ་ཁ་གསབ་སྤྲོད་པ་དང་། དངུལ་རྩའི་སྐྱེད་ཀ་དང་ཁ་གསབ། ལས་ཆོད་ཀྱི་བྱ་དགའ་བཅས་ཕྱོགས་གསུམ་འདུས། དེའི་ཁྲོད་དུ་རྣམ་གྲངས་རྐྱང་བར་ཁ་གསབ་སྤྲོད་པ་དེ་ལོ་རེར་སྒོར་ཁྲི་200ལས་མི་བརྒལ་བ་དང་། ཁེ་ལས་དང་བྱ་བཞག་སྡེ་ཁག་གི་དངུལ་རྩའི་སྐྱེད་ཀ་དང་ཁ་གསབ་དེ་ལོ་ཧྲིལ་བོར་སྒོར་ཁྲི་200ལས་མི་བརྒལ་བ། ཆེད་དོན་དངུལ་རྩ་དེ་ལོ་ཧྲིལ་བོར་སྒོར་ཁྲི་100ལས་མི་བརྒལ་བར་བྱ་རྒྱུ་རེད། ཞིང་ཆེན་ནོར་སྲིད་ཐིང་གི་འབྲེལ་ཡོད་འགན་ཁུར་མི་སྣས་གོང་གི་རྒྱབ་སྐྱོར་བྱེད་ཐབས་བརྒྱུད་ནོར་སྲིད་དངུལ་རྩའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། སྤྱི་ཚོགས་ཀྱི་མ་རྩ་སྔར་ལས་མང་པོ་རང་རེའི་ཞིང་ཆེན་གྱི་རོལ་དབྱངས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་དུ་བཀོལ་བར་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1