བོད་ལྗོངས་ལྷ་ས་ནས་དུས་སྔ་མའི་བྲག་བརྐོས་སྐུ་བརྙན་ཁག་ཅིག་རྙེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 06-06


        གསར་འགོད་པས་བོད་རང་སྐྱོང་ལྗོངས་གནའ་གཞུང་སྲུང་སྐྱོང་ལྟེ་གནས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་དུས་ལྷ་ས་ནས་དུས་སྔ་མའི་བྲག་བརྐོས་སྐུ་བརྙན་ཁག་ཅིག་རྙེད་ཅིང་། ཁུངས་འཚོལ་ར་སྤྲོད་དང་རིགས་འདེད་བྱས་པར་གཞིགས་ན། སྤྱི་ལོ་དུས་རབས་11པ་ནས་དུས་རབས་13པའི་བྲག་བརྐོས་སྐུ་བརྙན་ཡིན་པ་རེད།
        ཉེ་སྔོན་བོད་རང་སྐྱོང་ལྗོངས་གནའ་གཞུང་སྲུང་སྐྱོང་ལྟེ་གནས་ཀྱི་ཆེད་ལས་མཁས་པས་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཚལ་གུང་ཐང་ཤང་གི་ལུང་ཤུར་དངོས་སུ་རྟོག་ཞིབ་གནང་བར་འགྲོ་སྐབས། རྡོ་བརྐོས་ཁག་འདིར་ཁྱོན་བསྡོམས་ནང་བསྟན་གྱི་སྐུ་བརྙན་12དང་བྲག་བརྐོས་འགྲེལ་པ་མང་པོ་འདྲ་བཤུས་བྱས་པ་རེད།
        རྟོག་ཞིབ་དབྱེ་ཞིབ་ཐོག་མར་བྱས་པ་ལས་བལྟས་ན། ནང་བསྟན་གྱི་སྐུ་བརྙན་དང་བྲག་བརྐོས་འགྲེལ་པ་མང་པོའི་ཁྲོད་ཀྱི"དུས་གསུམ་སངས་རྒྱས"དང་། "དཔལ་རྣམ་པར་སྣང་མཛད" "རྒྱལ་སྲིད་སྣ་བདུན"སོགས་སྐུ་བརྙན་གྱི་ནང་དོན་ཁྱད་ཆོས་དང་རྡོ་བརྐོས་ལག་རྩལ་ཕལ་ཆེར་སྤྱི་ལོ་དུས་རབས་11པ་ནས་དུས་རབས་13པའི་བར་གྱི་རྡོ་བརྐོས་སྐུ་བརྙན་ཡིན་པར་རིགས་འདེད་བྱས་པ་རེད།
        བོད་རང་སྐྱོང་ལྗོངས་གནའ་གཞུང་སྲུང་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་ཉི་ཞྭ་ཡིས"ཚད་ལྡན་ཡིག་ཆའི་ཕྱོགས་ནས་དབྱེ་ཞིབ་བྱས་ན། མ་ཡིག་གནའ་བོའི་བོད་ཡིག་གི་བྲག་བརྐོས་འགྲེལ་པའི་ཡིག་གཟུགས་དང་ཐ་སྙད་ནི་2015ལོའི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་དུ་རྙེད་པའི་བོད་ཀྱི་བྲག་བརྐོས་སྐུ་བརྙན་རྗེ་བཙུན་བྱམས་པའི་ཚིག་འགྲེལ་གྱི་འབྲི་སྟངས་དང་ཧ་ཅང་འདྲ་མཚུངས་ཡོད་པ་དང་། ཁྱད་པར་དུ"ཤཱཀྱ་མུ་ནེ"ཡི་ཚིག་འགྲེལ་གྱི་བོད་ཡིག་འབྲི་སྟངས་དང་སྤྱི་ལོ་དུས་རབས་9པ་ནས་དུས་རབས་10པའི་ཏུན་ཧོང་གི་བོད་ཡིག་གནའ་གཞུང་གི་ཚད་ལྡན་ཡིག་ཆའི་ཡི་གེ་འབྲི་སྟངས་གཉིས་ཧ་ཅང་མཚུངས་པས། དེའི་ཐོག་ནས་རྡོ་བརྐོས་ཁག་འདི་ལོ་རབས་དུས་ཡུན་རིང་པོ་ཕྱིན་ཡོད་པ་མཚོན་ཡོད་ཅེས"བརྗོད་པ་རེད།
        ཉི་ཞྭ་ཡིས་མིག་སྔར་རིག་གཞུང་ལས་རིགས་ཀྱིས་སྐུ་བརྙན་ཁག་འདིའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་དང་རྙེད་མེད་པ་དང། དེ་དག་གི་ནང་དོན་ཞིབ་ཕྲ་ད་དུང་ཁུངས་འཚོལ་ར་སྤྲོད་སྔར་ལས་ལྷག་པར་བྱ་དགོས་ཅེས་བཤད་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་རྡོ་བརྐོས་ཁག་འདིར་རྟོག་ཞིབ་བྱས་པ་དེས་ལོ་རྒྱུས་ཐོག་གི་སྐྱིད་ཆུའི་གྲོང་རོང་རྒྱུད་ཀྱི་ཆོས་ལུགས་དད་པ་དང་། ནང་བསྟན་གྱི་ཐ་སྙད་བེད་སྤྱོད་སྟངས། བྲག་བརྐོས་སྐུ་བརྙན་གྱི་ནང་དོན། དེ་བཞིན་རྡོ་བརྐོས་ལག་རྩལ་སོགས་ལ་ཞིབ་འཇུག་བྱ་རྒྱུའི་ཐད་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་འདོན་སྤྲོད་བྱས་ཡོད་པས། དཔྱད་གཞིར་འཛིན་པའི་རིན་ཐང་གལ་ཆེན་ལྡན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1