མཛོད་དགེ་རྫོང་གིས་བྱེ་སྐྱོན་འགོག་བཅོས་ལ་ཤུགས་སྣོན་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-07



        ཟླ་བ་5པའི་མཛོད་དགེ་རྩྭ་ཐང་ཆེན་པོར་སྐྱེ་རྒུར་གསོན་ཤུགས་རྒྱས་འདུག་ལ། སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་ཁོངས་ཀྱི་བྱམས་མེ་གྲོང་རྡལ་ཧུ་ར་གྲོང་ཚོ་བྱེ་སྐྱོན་འགོག་བཅོས་ས་ཚིགས་སུ་བོད་རིགས་འབྲོག་པ་100ལྷག་གིས་སྐྱེ་ལྡན་ལུད་དང་རྩྭ་ཡོལ་རྒྱབ་ཏུ་ཁུར་ནས་དབོར་བ་དང་། བྱེ་འགོག་ཡོལ་བ་བཟོ་བ་དང་རྩ་སོན་བཏབ་ནས་བྱེ་སྒང་དུ་བྲེལ་འཚུབ་ངང་ལས་ལ་གཞོལ་བཞིན་ཡོད་ཅིང་། གཅེར་བུར་མངོན་པའི་བྱེ་སར་མགྱོགས་མྱུར་དུ་ཕན་ཚུན་སྣོལ་ཞིང་གྲལ་འགྲིག་པའི་རྣང་མ་ལྟ་བུ་བཟོས་པ་རེད།

        2017ལོར། ཧུ་ར་གྲོང་ཚོས"མཐོ་སྒང་གི་རྒྱ་ལྕང་བྱེ་འགོག་ཡོལ་བ་བཟོ་བ་དང་རྩྭ་འདྲེས་སྦྱོར་འདེབས་འཛུགས"ཀྱི་བྱེ་སྐྱོན་འགོག་བཅོས་བྱེད་ཐབས་ཚོད་ལྟ་བྱེད་འགོ་འཛུགས་པ་དང་། དེ་ནི་ཕྱིར་མཐོ་སྒང་གི་རྒྱ་ལྕང་བྱེ་འགོག་ཡོལ་བ་བཟོ་བ་དང་བྱེ་འགོག་ཡོལ་བའི་ནང་རྩྭ་དང་མཐོ་སྒང་གི་རྒྱ་ལྕང་འདེབས་འཛུགས་བྱས་ནས་བྱེ་ས་རིམ་གྱིས་རྩྭ་སར་འགྱུར་བའི་བྱེད་ཐབས་རེད། མཛོད་དགེ་རྫོང་ལ་ཁྱོན་བསྡོམས་བྱེ་སྐྱོན་འགོག་བཅོས་ས་ཚིགས་128ཡོད་པ་དང་། བྱེ་སྐྱོན་འགོག་བཅོས་བྱེད་མཁན་མི་རྣམས་ཀྱིས་ས་ཚིགས་སུ་གུར་ཕུག་ནས་ཞག་སྡོད་བྱས་ཏེ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་རྒྱ་ལྕང་འཛུགས་བཞིན་ཡོད་པ་རེད།

        མཛོད་དགེ་རྫོང་ཁོར་ཡུག་ནགས་ལས་ཅུས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། 2007ལོ་ནས་ད་ལྟའི་བར་མཛོད་དགེའི་རྩྭ་ཐང་ཆེན་མོར་བསྡོམས་པས་བྱེ་སྐྱོན་འགོག་བཅོས་མ་དངུལ་སྒོར་ཁྲི་2662.5སྤྱད་དེ་བྱེ་འགྱུར་རྩྭ་ཐང་སྤྱི་ཆིང་23619.79བཅོས་སྒྱུར་བྱས་ཤིང་། བྱེ་འགྱུར་རྒྱ་ཁྱོན་བསྡོམས་འབོར་གྱི་29%ཟིན་པ་དང་།  ད་ལོ་ཡང་བྱེ་སྐྱོན་འགོག་བཅོས་མ་དངུལ་སྒོར་ཁྲི་19507བརྩོན་ལེན་བྱེད་ཐུབ་པས། ཚོད་དཔག་བྱས་ན་བྱེར་འགྱུར་ས་ཁྱོན་སྤྱི་ཆིང་17706.67བཅོས་སྒྱུར་བྱེད་ཐུབ་ཅིང་།  ཚོད་དཔག་བྱས་ན་2020ལོར་སླེབས་དུས་བྱེ་འགྱུར་ས་ཁྱོན་སྤྱི་ཆིང་42984.5བཅོས་སྒྱུར་བྱ་རྒྱའི་ལས་འགན་ལེགས་འགྲུབ་བྱེད་ཐུབ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1