བོད་རང་སྐྱོང་ལྗོངས་ཀྱིས་“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་ཁྱབ་བསྒྲགས་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 06-07


        ཚེས་5ཉིན་རང་སྐྱོང་ལྗོངས་གསར་འགྱུར་གཞུང་ལས་ཁང་གིས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་ཉེ་ཆར་པར་འགྲེམས་བྱས་པའི《བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་ཀྱི་འཕེལ་རྒྱས་འཆར་འགོད(2016ལོ་ནས་2020ལོ་བར)》དང《བོད་རང་སྐྱོང་ལྗོངས་ཀྱི་བྱིས་པའི་འཕེལ་རྒྱས་འཆར་འགོད(2016ལོ་ནས་2020ལོ་བར)》ནང་། “འཆར་འགོད་གསར་པ་གཉིས་པོའི”ཇུས་འགོད་ཁྱད་ཆོས་དང་ཇུས་གཞི་དོན་འཁྱོལ་སོགས་ཀྱི་ཐད་ལ་གསལ་འགྲེལ་བྱས་ཤིང་། དེ་ནི་རང་ལྗོངས་ཀྱིས་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་ཡོངས་བསྒྲགས་ལག་བསྟར་བྱེད་ཐེངས་བཞི་པ་ཡིན་ལ། དེས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་བུད་མེད་དང་བྱིས་པའི་བྱ་གཞག་འཕེལ་རྒྱས་ལ་འཆར་གཞི་གསར་པ་ཞིག་བཀོད་ཡོད་པ་རེད།
        “འཆར་འགོད་གསར་པ་གཉིས”ནི་གླེང་གཞི་དང་། མཛུབ་ཁྲིད་བསམ་བློའི་གཞི་རྩའི་རྩ་དོན། སྤྱིའི་དམིགས་ཚད། འཕེལ་རྒྱས་གཏོང་ཡུལ་གྱི་དམིགས་ཡུལ་གཙོ་བོ། ཐབས་ཇུས་བྱ་ཐབས། སྒྲིག་འཛུགས་ལག་བསྟར། ལྟ་ཞིབ་ཚོད་སྐོར་བཅས་ཁག་ལྔ་ལས་གྲུབ་པ་དང་། ཁྱོན་དམིགས་ཚད་གཙོ་བོ་111བཀོད་སྒྲིག་བྱས་པ་དང་ཐབས་ཇུས་དང་བྱ་ཐབས་ཁག་163བཏོན་ཡོད་པ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་བུད་མེད་དང་བྱིས་པའི“གཉིས་སྤོར་གཅིག་གཅོག”གི་དམིགས་ཚད་ཚོད་འཛིན་ནན་པོ་བྱས་ཏེ་སྦྲུམ་མ་དང་ཕྲུ་གུ་སྐྱེས་མ་ཐག་པའི་སྐྱེད་མ་འཆི་ཚད་མི་ཁྲི་10ཡི་ནང་ནས་80དང་ཕྲུ་གུ་དམར་འབྱར་འཆི་ཚད12‰ནང་ཚུན་དུ་ཆག་པ་དང་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་ཚད་90%ཡན་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་རེད།
        བོད་ལྗོངས་ཀྱི་བུད་མེད་དང་བྱིས་པའི་ལས་དོན་ཁྲོད་ཀྱི་ཞན་ཆའི་གནད་དོན་ལ་དམིགས་ཏེ“འཆར་འགོད་གསར་པ་གཉིས”ནང་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་བུད་མེད་དང་བྱིས་པ་དབུལ་སྒྲོལ་དང་། གཞི་རིམ་དགེ་རྒན་དང་། མ་བུའི་འཕྲོད་བསྟེན། བཅའ་ཁྲིམས་ཀྱི་ཆེད་ལས་མི་སྣའི་དཔུང་ཁག་འཛུགས་སྐྱོང་། ལྷན་སྐྱེས་དབང་སྐྱོན་བཅོས་ཐབས། རྨང་གཞིའི་སློབ་གསོ་སྲ་བརྟན་དུ་གཏོང་བ། བུད་མེད་འགོ་ཁྲིད་ལས་བྱེད་པ་གསོ་སྐྱོང་དང་འདེམས་བསྐོ། བྱིས་པའི་ཁྱིམ་གཞིས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཁག་དྲུག་ལ་འབྲེལ་ཡོད་ཚན་པའི་བསམ་འཆར་བསྡུ་ལེན་བྱས་ནས“འཆར་འགོད་གསར་པ་གཉིས”རང་ལྗོངས་ཀྱི་དོན་དངོས་དང་དེ་བས་འཚམ་པོ་ཡོང་བར་འབད་བརྩོན་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1