ཁྲེང་ཏུའུ་གྲོང་ཁྱེར་དུ་ལོ་སྟོང་ཕྲག་སྔོན་གྱི་གནའ་དགོན་ཞིག་རྙེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 06-07


        སི་ཁྲོན་ཁྲེང་ཏུའུ་ཡི་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་ཟླ་བ་ཁ་ཤས་རིང་སྔོག་འདོན་བྱས་འོག སྤྱི་ཟླ་6པའི་ཚེས་4ཉིན་གྲོང་ཁྱེར་ལྟེ་བའི་ཧྲི་ཡེ་སྲང་ལམ་དུ་ཧྥུ་ཀན་དགོན་པ་ཞེས་པའི་གནས་ཤུལ་ཞིག་རྙེད་ཡོད་པ་དང་། དེ་སྔོན་དཔྱད་གཞིའི་ཡིག་ཆ་མ་གཏོགས་དངོས་སུ་མཐོང་མྱོང་མེད་པའི་དབྱི་ཀྲོའུ(ཁྲེང་ཏུའུ་)ཡི་དགོན་པ་གྲགས་ཅན་དེ་མི་རྣམས་ཀྱི་མཐོང་ལམ་དུ་མངོན་པ་བསྟན་འདུག

        ཅིན་ཤར་མ་ནས་སུང་བྱང་མ་དང་ལྷོ་མའི་དུས་སྐབས་བར་ཧྥུ་ཀན་དགོན་པ་ནི་དབྱི་ཀྲོའུ་ཡི་དགོན་པ་གྲགས་ཅན་ཞིག་ཡིན་ཞིང་། ནང་བའི་སྐྱེས་བུ་དམ་པ་མང་པོ་གནས་དེར་རྟག་ཏུ་རྒྱུ་ཞིང་གནས། ཐང་རྒྱལ་རབས་ཀྱི་དུས་མཇུག་དང་སུང་རྒྱལ་རབས་ཀྱི་དུས་མགོར། འཁྲུག་ཆེན་འགའི་ཟིང་ལོང་འོག་ཧྥུ་ཀན་དགོན་པ་དེ་རིམ་གྱིས་ཉམས་ཆག་ཏུ་ཕྱིན། ཐེངས་འདིའི་གནའ་རྫས་རྟོག་ཞིབ་ལས་དོན་གྱི་སྣེ་ཁྲིད་པ་སྟེ་ཁྲེང་ཏུའུ་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་དབྱི་ལི་ཡིས་མིག་སྔའི་སྔོག་འདོན་བྱེད་ཡུལ་ནི་ཧྥུ་ཀན་དགོན་པའི་ཆ་ཤས་ཙམ་ཡིན་མོད། ཡིན་ནའང་དེ་ལས་མཆོད་རྟེན་གྱི་རྨང་དང་། ཁང་ཤུལ། ཁྲོན་པ། བགྲོད་ལམ། ཡུར་བུ་སོགས་ཀྱི་ཤུལ་རྗེས་གསར་རྙེད་བྱུང་ཡོད་པ་དང་། ད་དུང་སྟེང་དུ《 རྡོ་རྗེ་གཅོད་པ》དང་《 དམ་ཆོས་པདྨ་དཀར་པོའི་མདོ།》《 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་རྒྱལ་མ་ཞེས་བྱ་བའི་གཟུངས།》སོགས་གསུང་རབ་ཀྱི་པར་གཞི་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དགྲ་བཅོམ་པ། རྒྱལ་ཆེན། ལྷ་མོ་སོགས་ཀྱི་རྡོ་བརྐོས་འདྲ་སྐུའི་ཆག་རོ་དང་། སྟེང་དུ་འབྲུག་འཁྱིལ་བའི་རྡོ་རིང་གི་མགོ། གསང་སྔགས་མཆོད་རྟེན་བརྐོས་པའི་སོ་ཕག བརྐོས་ཡིག་ཡོད་པའི་རྫ་གཡམ་རྩི་ཅན་སོགས་འཛུགས་སྐྲུན་དངོས་པོའི་གྲུབ་ཆ་ཡང་གསར་རྙེད་བྱུང་ཡོད་ལ།  ལྷན་དུ་ཕོར་བ་དང་སྡེར་མ། དཀར་ཡོལ་སོགས་རྫ་བཟོས་ཡོ་བྱད་ཀྱང་མང་པོ་བཏོན་ཡོད་ཅེས་གསུངས་འདུག 





 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1