བདེ་ཆེན་གྱི་ཁྱད་ལྡན་ཐོན་རྫས་ཨེ་ཤེ་ཡ་ཤར་ལྷོ་ས་ཁུལ་གྱི་ཚོང་ཟོག་འགྲེམ་སྟོན་དུ་ཞུགས།

པདྨ་མཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། སྤེལ་དུས། 06-15


        ཟླ་6པའི་ཚེས་12ཉིན་གྱི་སྔ་དྲོར། 2017ལོའི་ཨེ་ཤ་ཡ་ལྷོ་མ་དང་། ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་ཀྱི་ཚོང་ཟོག་འགྲེམ་སྟོན་དང་མ་འཇོག་ཚོང་དོན་ངོ་འཕྲད་ཀྱི་གྲོས་མོལ་ཚོགས་འདུ་དེ་ཁུན་མིང་ནས་བསྡུས་པ་དང་། བདེ་ཆེན་ཁུལ་གྱི་སྣེ་འདྲེན་ཁེ་ལས་20ལྷག་ཐེངས་འདིའི་འགྲེམ་སྟོན་དུ་ཞུགས་ནས། མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་སྨན་རྩྭ་དང་ཤ་མོའི་རིགས། ཆང་རིགས། ལག་བཟོས་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་དང་ཉམས་མྱོང་བརྗེ་རེས་བྱས་པ་རེད།

        མཐོ་སྒང་གི་ཞིང་ལས་ཁྱད་ལྡན་ཚོང་ཟོག་འགྲེམ་ཁང་དང་བཟོ་སྐྲུན་ལས་རིགས་ཀྱི་འགྲེམ་ཁང་། ཡུལ་སྐོར་འགྲེམ་ཁང་བཅས་སུ་ཁྱད་ལྡན་ཚོང་ཟོག་འགྲེམ་གནས་20ལྷག་བཀོད་སྒྲིག་བྱས་ནས། ཁྱད་ལྡན་ཚོང་ཟོག་200ལྷག་འགྲེམ་སྟོན་བྱས་པ་རེད།

        ཐེངས་འདིའི་གྲོས་མོལ་ཚོགས་འདུ་ནི་ཟླ་6པའི་ཚེས་12ཉིན་ནས་ཚེས་18ཉིན་ཏེ་དུས་ཡུན་ཉིན་7བསྡུ་རྒྱུ་ཡིན་པ་དང་། ཏན་ཁྲི་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ཀྱི་འགྲེམ་ཁང་17བེད་སྤྱད་ནས་ཚད་ལྡན་རང་བཞིན་གྱི་འགྲེམ་གནས་8000བཀོད་སྒྲིག་བྱས་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་ཁྲི་17ཟིན་ཡོད།

        རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་ཚོང་ཟོག་གྲོས་མོལ་ཚོགས་འདུའི་རིང་དུས་མཉམ་དུ་བྱ་འགུལ་རྣམ་གྲངས་18སྤེལ་རྒྱུ་ཡིན་པ་མ་ཟད། མུ་མཐུད་དུ་ཀྲུང་གོ་དང་ཨེ་ཤ་ཡ་ལྷོ་མའི་ཚོང་དོན་གླེང་སྟེགས་དང་། ཨེ་ཤ་ཡ་ལྷོ་མའི་ཕྱིར་སྡོད་ཀྲུང་གོའི་མནའ་འབྲེལ་ཚོང་ཚོགས་སོགས་སྐྱེ་མཚར་རང་བཞིན་ལེགས་ཙམ་ཡོད་པའི་ལམ་སྲོལ་རང་བཞིན་གྱི་བྱེད་སྒོའི་རྨང་གཞིའི་ཐོག་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་ས་ཁུལ་གྱི་ཚོང་དོན་གླེང་སྟེགས་དང་། རྒྱ་མཚོའི་སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ཀྱི་རྩེ་གྲས་གླེང་སྟེགས་སོགས་རབ་དང་རིམ་པའི་བྱ་འགུལ་གསར་སྣོན་བྱས་ཡོད་པ་རེད། རབ་དང་རིམ་པའི་བྱ་འགུལ་འདི་དག་གིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་གལ་ཆེའི་ཁྱབ་ཁོངས་སུ་རྒྱལ་སྤྱི་ཅན་གྱི་གླེང་མོལ་དང་སྤེལ་རེས་ཀྱི་སྟེགས་བུ་བསྐྲུན་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཚོགས་འདུར་ཞུགས་མཁན་ཕྱོགས་གཉིས་ཀྱིས་མཉམ་གཉེར་དང་མཉམ་འཛུགས། མཉམ་སྤྱོད་མངོན་དུ་འགྱུར་བར་སྐུལ་འདེད་བཏང་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1