དྲིན་ཆེན་མ་ལོའི་བྱམས་དང་བརྩེ་བས་རིག་རྟུལ་བུ་གསུམ་གཅེས་པར་བསྐྱངས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-16



        ལོ་54ལོན་པའི་ཨ་མ་རྒན་མོ་ཞིག་གིས་དུས་ཀྱི་བཞུར་རྒྱུན་རིང་མོའི་ཁྲོད། ཉིན་མཚན་དབྱེར་མེད་དུ་དཀའ་བ་དང་དུ་བླངས་ཏེ་བུ་རིག་རྟུལ་གསུམ་གཅེས་པར་བསྐྱངས། མོས་ཕལ་ཆེར་མི་ཚེ་གང་བོར་ངལ་དུབ་ཚོར་མེད་པ་འདྲ། མོ་ཚང་གི་དབྱར་དགུན་སྟོན་དཔྱིད་རེ་རེ་ནི་བྲེལ་འཚབ་ཆེ་བའི་ཉིན་མཚན་རེ་རེ་ཡིན་ཡང་། མོས་བློ་བརྟན་འགྱུར་མེད་དང་སྙིང་རུས་ཆེན་པོས་ཨ་མ་རླབས་པོ་ཆེ་ཞིག་གི་བྱམས་བརྩེ་ཕུལ་ཞིང་། བབ་ཆགས་ཟོལ་མེད་ཀྱི་ཨ་མ་ཞིག་གི་གཏམ་རྒྱུད་ལྷག་བསམ་རྣམ་དག་གིས་བྲིས་ཡོད། མོ་ནི་ལི་རྫོང་ཀམ་ཕུ་ཡུལ་ཚོའི་མཉམ་འབྲེལ་སྡེ་བའི་དབུལ་བོ་ལུའོ་ཆོན་ཞང་རེད། 

        ལོ་ངོ་30ཡི་སྔོན་དུ། ལུའོ་ཆོན་ཞང་གི་བུ་ཆེ་བ་བཙས། བདེ་སྐྱིད་ཀྱི་ཉི་མ་ཤར་བར་འདོད་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་དུས་དེ་ནས་བཟུང་ཁྱིམ་ཚང་གང་བོའི་ལས་དབང་ལ་འགྱུར་བ་བྱུང་། དེ་ནས་བུ་འབྲིང་བ་དང་བུ་ཆུང་བ་སྔ་ཕྱིར་སྐྱེས་བྱུང་། བུ་གསུམ་ལ་ཆུང་དུས་ནས་བློ་རིག་རྟུལ་བ་དང་ནར་སོན་དལ་བའི་ནད་རྟགས་ཡོད། ལུའོ་ཆོན་ཞང་བཟའ་མི་གཉིས་ཀྱིས་གདུག་རྩུབ་ཆེ་བའི་མངོན་སུམ་གྱི་ལས་འདི་ཁས་མི་ལེན་ཀ་མེད་དུ་གྱུར། བུ་གསུམ་པོར་རིག་རྟུལ་ནད་ཕོག་ཡོད། 2012ལོར། ཁྱོ་ག་ཚེ་ལས་འདས་པ་དང་བསྟུན་ནས། ལུའོ་ཆོན་ཞང་གི་ཕྲག་ཏུ་བབས་པའི་ལས་འགན་སྔར་ལས་ལྕི། མོས་བུ་གསུམ་གཅེས་པར་མ་ཟད་། ད་དུང་རྨོ་འདེབས་དང་གསོ་སྤེལ་གྱི་ལས་ལའང་འབད་དགོས། འཚོ་བ་ལ་དཀའ་ཚེགས་ཇི་འདྲ་ཆེ་རུང་ལུའོ་ཆོན་ཞང་གི་དཔའ་མ་ཞུམ་ལ་གཉའ་ཡང་མ་སྒུར། 

        བུ་ཆེ་བས་རིག་པ་བལྟོས་བཅས་སུ་ཅུང་བཟང་། ད་ལྟ་ཁྱིམ་མཚེས་དང་མཉམ་དུ་རི་མགོར་སྨན་རྩྭ་འཐུ་རུ་འགྲོ་ཐུབ། སྲིད་གཞུང་གི་ལྟ་རྟོག་འོག བུ་འབྲིང་བས་ཁྱིམ་དང་ཐག་མི་རིང་སའི་ཞིང་རར་ཞོར་ལས་བྱེད་བཞིན་ཡོད། སྒོར་མོ་ཕྲན་ཚེགས་རེ་བཙལ་ནས་ཁྱིམ་གྱི་འཚོ་རྟེན་ལ་ཁ་གསབ་བྱེད་པ་རེད། བུ་ཆུང་བ་རིམ་པ་དང་པོའི་རིག་རྟུལ་ནད་པ་ཡིན་པས་ལྟ་སྐྱོང་དང་གཏན་ནས་འབྲལ་མི་ཐུབ། དེ་བས་དེ་རིང་ཁྱིམ་ནང་དུ་ང་དང་བུ་ཆུང་བ་ལས་མེད་ཅེས་ལུའོ་ཆོན་ཞང་གིས་བུ་ལ་ཞོགས་ཇ་བསྐོལ་ཞོར་གསར་འགོད་པར་བཤད་བྱུང་། ཁྱིམ་ནང་དུ་མི་ཆ་མེད་མང་བོ་ཐོན་པ་མཐོང་དུས། ལུའོ་ཆོན་ཞང་གི་བུ་ཆུང་བས་ཡ་མཚན་ངང་མདུན་ཕྱོགས་སུ་བལྟ་ཞོར་ལྷུག་ལྷུག་ཏུ་བགད་བྱུང་། 

        ལུའོ་ཆོན་ཞང་ཚང་གི་གནས་ཚུལ་སྡེ་མི་རེ་རེའི་སེམས་ན་གསལ་ལེར་མངོན་ལ།  དུས་རྒྱུན་དུ། སྡེ་མི་རེ་རེས་གང་ཐུབ་ཅི་ནུས་ཀྱིས་རོགས་བྱེད་པ་སྟེ་སྔོ་ཚལ་དང་སྣུམ། གྱོན་ཆས་སྟེར་བ་སོགས་ཡུལ་མི་ཀུན་གྱིས་རོགས་སྐྱོར་གྱི་ལག་ཟུང་བརྐྱངས་ཤིང་ས་གནས་སྲིད་གཞུང་གིས་མོ་ཚང་ལའང་ལྟ་རྟོག་ཚད་མེད་བྱས་ཡོད། 

        ཁྱིམ་ཚང་དེ་དབུལ་ཞིང་ཕོངས་བའི་རྒྱུ་ནི་དམིགས་བསལ་ཞིག་ཡིན་པས། ང་ཚོས་མོ་ཚང་ལ་སྲིད་ཇུས་རང་བཞིན་གྱི་མ་མཐའི་འགན་སྲུང་ལག་ཏུ་བསྟར་ཡོད། སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱས་ཡོད། བཟའ་མི་ཚང་མར་མ་མཐའི་འཚོ་བའི་འགན་ལེན་རེ་ཞུ་བྱེད་རོགས་བྱས་ཤིང་། དེ་མིན་སྣ་མང་ཐོན་ལས་རོགས་སྐྱོར་སོགས་རོགས་སྐྱོར་བྱེད་ཐབས་རབ་དང་རིམ་པ་ལག་ཏུ་བསྟར། ལུའོ་ཆོན་ཞང་ཚང་ལ་བློ་འདོན་རོགས་དང་ཐབས་དྲན་རོགས་བྱས་ཏེ་མོའི་ཁུར་བོ་ཇེ་ཡང་དུ་བཏང་བ་ཡིན་ཞེས་སྡེ་བའི་ཧྲུའུ་ཅི་དང་པོ་ལིས་ལུང་གིས་གསར་འགོད་པར་བཤད་བྱུང་།

        ཉིན་གུང་། ལུའོ་ཆོན་ཞང་གིས་བུ་ཆུང་བ་ཁྲིད་ནས་ཞིང་ནང་དུ་ཆུ་ཀུབ་ཀྱི་མྱུ་གུ་ལ་སྒྲོམ་གཞི་འཛུགས་པར་སོང་། ལུའོ་ཆོན་ཞང་གིས་བཤད་པ་ལྟར་ན། ལོ་ན་གཞོན་དུས་རི་མགོ་ནས་སྨན་རྩྭ་བཏུས་ཏེ་སྒོར་མོ་གསོག་ཐུབ། ད་ནི་ལུས་པོ་སྔར་ལས་ཇེ་ཞན་རེད། ད་ལོར། རྒྱལ་ཁབ་ཀྱི་དབུལ་སྐྱོར་གནད་འཁེལ་གྱི་སྲིད་ཇུས་ལག་ཏུ་བསྟར་ནས། ངེད་ཚང་ལ་བྱ་དེ་50དང་ཕག་གཉིས་བྱིན། དེའི་ཁར་ངས་གསོས་པའི་ལུག་10དང་།  ས་ཞིང་དུ་བཏབ་པའི་ཚོད་དཀར་དང་ལི་སོབ་སྔོན་པོ་བསྣན་ན། འཚོ་བ་ཇེ་བཟང་ཇེ་སྐྱིད་དུ་སོང་ཡོད།

         ད་ལྟ། ནད་ལ་བསྟེན་ན་སྨན་བཅོས་འགན་ལེན་ཡོད། བུ་ལ་དབང་པོ་སྐྱོན་ཅན་གྱི་ཁ་གསབ་རོགས་དངུལ་ཡོད། བཟའ་མི་ཚང་མར་མ་མཐའི་འཚོ་རྟེན་འགན་ལེན་ཡོད། ད་དུང་སྤྱི་ཕན་རང་བཞིན་གྱི་ལས་གནས་དང་ནགས་སྲུང་བའི་གླ་ཕོགས་ཀྱང་ཡོད་ཅེས་བཤད་རྗེས། ལུའོ་ཆོན་ཞང་གིས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག རང་ཉིད་ཀྱིས་འབད་པ་བྱས་ན། བཟའ་མི་ཚང་མའི་འཚོ་བ་ཉིན་བཞིན་ཇེ་བཟང་ཇེ་སྐྱིད་དུ་འགྲོ་བར་ཡིད་ཆེས་ཡོད་ཅེས་འཕྲོར་མཐུད་ནས་བཤད་བྱུང་། 

        ལུའོ་ཆོན་ཞང་གི་ལོ་ཟླ་སྐད་ཅིག་སྐད་ཅིག་ཏུ་འདས་ཀྱང་མོའི་བུ་ལ་བཅངས་པའི་བརྩེ་བ་ལ་འགྱུར་བ་མེད། ད་ནི་སྔོན་ཆད་ལྟར་ཉིན་གུང་གི་ཟས་ཟོས་ན་དགོང་ཟས་ཡོད་མེད་ལ་སེམས་ཁྲལ་མེད་ལ། བུ་རྣམས་ཀྱིས་འཚོ་བ་ཅུང་བརྟན་པོ་ཞིག་རོལ་ཐུབ་བྱུང་། ངས་བསམ་རྒྱུ་གཅིག་པུ་ནི་ངེད་མ་བུ་དག་གི་འཚོ་བ་བདེ་མོ་སྐྱིད་པོ་དེ་ཡིན་ཞེས་བཤད་པ་ལྟར། ལུའོ་ཆོན་ཞང་གིས་ཨ་མ་ཞིག་གི་བུ་ལ་གཅེས་པའི་བྱམས་དང་བརྩེ་བས་ཡིད་ཆེས་དང་རེ་བ་བསྩལ་བྱུང་།།  
རྔ་བའི་གསར་འགྱུར་ཁང་གི་གསར་འགོད་ཚན་ཆུང་གིས།






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1