ཆོས་རྗེའི་དུག་འཇོམས་དུས་ཆེན་ཀླུང་བ་སྡེ་བར་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-30


        སྤྱི་ཟླ་6པའི་ཚེས་27ཉིན་དང་བོད་ཟླ་ལྔ་པའི་ཚེས་བཞི་ལ།  མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཤོག་ཀླུང་བ་སྡེ་བས་ལོ་རེའི་དུག་འཇོམས་དུས་ཆེན་བསུས་པ་རེད།  

        ཚེས་27ཉིན་གྱི་ཞོགས་པར་ཉི་རྩེ་རི་ལ་མ་ཕོག་གོང་དུ་སྡེ་བ་ཡོངས་ཀྱི་ཕོ་མོ་རྒན་གཞོན་ཚང་མ་བྲག་དཀར་གནས་རིའི་འདབས་སུ་འཛོམས་ནས་དུག་འཇོམས་ཀྱི་ཆོ་ག་རེ་རེ་སྤེལ་བ་རེད། ཚེས་28ནས་29ཉིན་བར།  དམངས་སྲོལ་རིག་གནས་དང་བཟའ་བཏུང་རིག་གནས།  དམངས་སྲོལ་གཉེན་སྟོན་དང་ཞིང་འབྲོག་རིག་གནས།  དེ་མིན་ཐོན་སྐྱེད་རྩ་འཛུགས་འགྲེམ་སྟོན་དང་ལུས་རྩལ་འགྲན་བསྡུར་སོགས་གཙོ་བོ་ཡིན་པའི་དམངས་སྲོལ་གྱི་རིག་གནས་ལུས་རྩལ་སྤེལ་བ་རེད།  དུག་འཇོམས་དུས་ཆེན་འདི་ནི་རྔ་བ་ཁུལ་ཟླ་མཆོག་དུས་ཆེན་གྱི་བྱེད་སྒོ་རབ་དང་རིམ་པའི་ཡ་གྱལ་ཞིག་ཡིན་པའི་ཆ་ནས།  དངོས་མིན་རིག་གནས་ཤུལ་བཞག་བཤམས་སྟོན་འཁྲབ་སྤེལ་སོགས་ཀྱི་རྣམ་པར་བརྒྱུད་དེ་ཕྱོགས་ཡོངས་དང་ཟུར་མང་པོ་ལས་མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཤོག་གི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་མངོན་པ་རེད།

        དུག་འཇོམས་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་སུ། སློབ་དཔོན་པད་མ་འབྱུང་གནས་ཀྱིས་མི་རྣམས་ཀྱི་དད་མོས་དང་བོད་ལུགས་ཀྱི་སྨན་རྩྭ་སྡེབ་ལུགས་གཉིས་ཟུང་དུ་སྦྲེལ་ནས། ལྷ་རྨ་བྱའི་ང་རོ་གདན་དྲངས་ཏེ་ནད་དུག་འཇོམས་པར་བྱེད་པའི་དུག་འཇོམས་ཆོ་ག་འདི་སྤེལ་བ་ཡིན། བོད་མི་རྣམས་ཀྱི་དད་མོས་དང་བོད་སྨན་གྱི་སྨན་རྩྭའི་ཁྱད་ནུས་ལ་བརྟེན་ནས་མི་ཡི་ལུས་སེམས་བདེ་ཐང་ལ་ཕན་རྒྱ་ཆེན་པོ་ཐོགས་ཡོད་ལ། ལུས་ཁམས་བདེ་ཐང་སྲུང་བའི་ཐབས་མཆོག་ཅིག་ཀྱང་ཡིན། དུག་འཇོམས་དུས་ཆེན་ཉིན་དེར། གནས་རི་འབྲུག་ཆེན་བྲག་དཀར་གྱི་འདབས་སུ་ཐོན་ནས། བྱིན་གྱིས་བརླབས་ཤིང་གཙང་འཁྲུ་འཐོབ་ན། སྔོན་ཆད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པར་འགྱུར་ཅིང་། ལུས་ངག་ཡིད་གསུམ་གྱི་མི་གཙང་བ་ཐམས་ཅད་ཀྱང་གཙང་མར་འགྱུར་འགྲོ། སྔོན་ཆད་སྨད་འཚོང་མ་ཞིག་ཡིན་རུང་། ཉིན་དེར་བྱིན་གྱིས་བརླབས་པའི་དུག་འཇོམས་སྨན་ཆུ་ཡིས་གཙང་འཁྲུ་འཐོབ་ན། མི་གཙང་བ་ཐམས་ཅད་དག་པར་གྱུར་ནས་མི་ཡ་རབས་ཤིག་གི་མཚན་སྙན་རྙེད་པར་མ་ཟད། ཀུན་གྱིས་ཀྱང་མི་ཡ་རབས་ཤིག་ཏུ་བཀུར་སྲིད་ཅེས་བཤད་རྒྱུན་ཡོད་པ་རེད།

        བཤད་རྒྱུན་ལྟར་ན། དུག་འཇོམས་དུས་ཆེན་ལ་གཏམ་རྒྱུད་འདི་འདྲ་ཞིག་ཡོད་དེ། གནའ་སྔ་མོར། སྡེ་བ་འདི་ལ་ཇག་པ་ཁ་ཤས་ཐོན་རུང་། སྡེ་མི་ཡོངས་ཀྱིས་གནས་རི་འདི་ནས་མཐའ་བསྐོར་ཏེ་བཀག་ནས་ཡོད་དུས། བསམ་ཡུལ་ལས་འདས་པ་ཞིག་ལ། ཇག་པ་ཞིག་ལ་ནད་ཕོག་ནས་ཤི་རྗེས་གནས་རི་འདིར་དུར་སྦས་བྱས་པས། གནས་རིའི་གཞི་བདག་ཁོང་ཁྲོ་ལངས་ཏེ་ལོ་རེ་བཞིན་ཐོག་སེར་རྒྱུན་མ་ཆད་པ་མ་ཟད་ནད་ཡམས་གང་སར་མཆེད་པ་རེད། དེ་ནས་ལོ་ཞིག་ལ་ལྷ་བ་ཞིག་གནས་འདི་བརྒྱུད་ནས་འགྲོ་སྐབས། གནས་རིའི་འདབས་ནས་ལོ་རེའི་ཟླ་ལྔ་བའི་ཚེས་ལྔ་ཉིན་དུག་འཇོམས་ཆོ་ག་སྤེལ་ན། ད་གཟོད་གནས་རིའི་མི་གཙང་དྲི་མ་ཐམས་ཅད་དག་ཐུབ་ཅིང་། གོད་ཁ་ཡང་འབྱུང་མི་སྲིད་ཅེས་ལུང་བསྟན། ཕྱི་ལོར། བླ་ཆེན་མཁན་ཆེན་དག་གིས་གནས་རིའི་འདབས་ནས་དུག་འཇོམས་ཆོ་ག་སྤེལ། དུས་དེ་ནས་བཟུང་། ལོ་རེ་བཞིན་ལོ་ལེགས་བྱུང་ཞིང་ནད་ཡམས་ཀྱང་མེད་པར་གྱུར། ཡིན་ན་ཡང་མི་སེར་རྣམས་ཀྱིས་བྱ་བ་དེར་ཐེ་ཚོམ་ཟོས་ཏེ་ལོ་གཅིག་ལ་མཚམས་བཅད་པས། ལོ་དེར་སེར་བ་བབས་ནས་འབྲུ་རིགས་རྡོག་གཅིག་ཀྱང་བསྡུ་རྒྱུ་མ་བྱུང་བར་མ་ཟད། འགོ་ནད་ཅིག་ཀྱང་ཁྱབ་ནས་མི་འགའ་རེ་ཚེ་ལས་འདས་པར་བཤད། ཕྱི་ལོར། དུག་འཇོམས་ཆོ་ག་སླར་གསོ་བྱས་ཤིང་། ལོ་རེ་བཞིན་ནང་དོན་ཡང་ཕུན་སུམ་ཇེ་ཚོགས་སུ་བཏང་བས་ཐུན་མིན་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་དུས་ཆེན་ཞིག་ཏུ་གྱུར། ད་ལྟ། དུག་འཇོམས་དུས་ཆེན་ནི། སྡིག་སེལ་དང་ནད་འགོག དུག་འཇོམས་བཅས་ནང་དོན་གཙོ་བོར་བཟུང་བའི་སྲོལ་རྒྱུན་ཆོས་ལུགས་ཀྱི་ཆོ་ག་སྤེལ་བའི་དུས་སྟོན་ཞིག་ཏུ་གྱུར་ཡོད་པ་མ་ཟད། སྐྱེ་ཁམས་སྲུང་སྐྱོང་དང་གླུ་ལེན་གར་འཁྲབ། རྟ་རྒྱུག་མདའ་འཕེན། བོད་འགྱིག་འགྲན་སྡུར། གླང་ཆེན་ས་གཤག་སོགས་བོད་རང་གི་སྲོལ་རྒྱུད་གྱི་རྩེད་རིགས་སྣ་མང་ལྡན་པའི་དུས་སྟོན་ཞིག་ཏུ་གྱུར་ཡོད་པ་རེད། དེ་བཞིན་དུས་དང་འཚམས་པའི་ཡུལ་སྐོར་ལས་རིགས་ཀྱང་འོས་འཚམས་ཀྱིས་དར་གྱིན་ཡོད་པ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1