བྱང་སྡེ་ཉི་མའི་སྤྲོ་འཛོམས་ཞེས་པའི་རིག་རྩལ་སྤྲོ་ཚོགས་བསྡུས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སི་ཁྲོན་བོད་སྐད་རླུང་འཕྲིན། སྤེལ་དུས། 07-04


        སྤྱི་ཟླ་7པའི་ཚེས་1ཉིན།  སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མི་རིགས་རླུང་འཕྲིན་དང་ཁམས་པའི་བརྙན་འཕྲིན་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་ཤིང་།  སེར་ཤུལ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་བྱས་པའི་བྱང་སྡེ་ཉི་མའི་སྤྲོ་འཛོམས་ཞེས་པའི་རིག་རྩལ་སྤྲོ་ཚོགས་དཀར་མཛེས་ཁུལ་སེར་ཤུལ་རྫོང་དུ་བསྡུས། 
        སྤྲོ་ཚོགས་དེ་ནི་སི་ཁྲོན་བོད་སྐད་རླུང་འཕྲིན་གྱི་ད་ལོའི་ཉན་མཁན་དང་མཇལ་བའི་བྱེད་སྒོ་དང་ཁམས་པའི་བརྙན་འཕྲིན་ཁང་གི་བོད་ཡུལ་དུ་བསྐྱོད་པའི་བྱ་འགུལ་མཉམ་འབྲེལ་སྒོས་སྤེལ་བ་ཡིན་ལ། དེ་ནི་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་རིག་རྩལ་འཁྲབ་སྟོན་གཞི་རིམ་དུ་སྐྱེལ་བའི་སྤྱི་ཕན་བྱ་འགུལ་ཞིག་ཀྱང་ཡིན། 
        རིག་རྩལ་འཁྲབ་སྟོན་གྱི་སྔོན་ལ། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཝེ་མིན་གྱིས་ཐེངས་འདིའི་བྱེད་སྒོའི་སྐོར་ནས་གཏམ་བཤད་གནང་ཞིང་། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་བཟོ་བཀོད་པ་ལོའུ་ཡོ་ཧེ་ཡིས་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཚབ་བྱས་ཏེ་སེར་ཤུལ་རྫོང་ལ་སྒྲ་སྡུད་འཕྲུལ་ཆས་དང་དཔེ་དེབ། འོད་སྡེར་སོགས་རིག་གནས་སྤྱོད་ཆས་ཀྱི་ལེགས་སྐྱེས་ཕུལ།
        ཐེངས་འདིའི་སྤྲོ་ཚོགས་འབྲོག་སྡེ་ཕྱུག་མོ་བྱང་སྡེ་ཉི་མ་རྫ་ཆུའི་ཁྱད་ཆོས་མངོན་པར་ལྡན་པའི་ཞབས་བྲོ་སྟེ་རྩེ་མདའི་སྐོར་བྲོའི་སྙན་འཇེབས་ཀྱི་རོལ་དབྱངས་དང་བྱང་སྡེ་ཉི་མ་སྒྱུ་རྩལ་ཚོགས་པའི་ལྡེམ་མྱུར་གྱི་གར་སྟབས་དང་འགྲོགས་ནས་འགོ་ཚུགས་ཤིང་། སི་ཁྲོན་བོད་སྐད་རླུང་འཕྲིན་ཁང་གི་མདོ་འཛིན་པ་དང་བོད་ཀྱི་གླུ་བ་གྲགས་ཅན་ཚེ་དབང་དང་། བོད་ཀྱི་གླུ་མ་གྲགས་ཅན་དབྱངས་ཅན་ལྷ་མཛེས་དང་ནམ་མཁའ་མཚོ། མཚོ་ཡག  སྒྲོན་དཀར་ལྷ་མོ། བོད་ཀྱི་ན་གཞོན་གླུ་བ་གྲགས་ཅན་བསམ་འགྲུབ་ཚེ་རིང་དང་བསོད་ནམས་མགོན་པོ་སོགས་ཀྱིས་ཐོས་འཛིན་རྣ་བའི་བཅུད་དུ་འགྱུར་བའི་གླུ་གཞས་རེ་རེ་སྙན་མོ་ངག་ལ་བཀུག་སྟེ་ཕུལ་ཞིང་། རྫ་ཆུ་ཁ་ས་གནས་རང་ནས་ཡིན་པའི་བྱང་སྡེ་ཉི་མ་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་རྣམས་ཀྱིས་ཀྱང་སྤྲོ་ཚོགས་སུ་བོད་རང་གི་རིག་གནས་ཀྱི་རྩམ་དྲི་དང་མར་དྲི་མ་ཡལ་བའི་ཞབས་བྲོ་དང་གོས་རྒྱན་ཤོམ་འགྲོ་སོགས་འཁྲབ་སྟོན་སྣ་ཚོགས་བྱས་ཤིང་། གང་བཟང་གང་ཡག་གི་བྲོ་ལྭ་དང་ཉམས་འགྱུར་དོད་པའི་སྟངས་སྟབས་རེ་རེ་ལས་འཚོ་བར་བཅངས་པའི་རེ་སྨོན་དང་ཚེ་སྲོག་གི་གསོན་སྟོབས་གསར་བོར་མངོན། 
《མཛེས་པའི་རྒྱན་ཆ།》གཞས་པ་ཚེ་དབང་།

《བདེ་སྐྱིད་ཀྱི་གླུ།》གཞས་མ་དབྱངས་ཅན་ལྷ་མཛེས།

《རྩྭ་ཐང་གི་འཁྲེང་སེམས།》གཞས་པ་བསམ་འགྲུབ་ཚེ་རིང་།

《གངས་ཅན་མཛེས་མའི་བརྩེ་བ།》གཞས་མ་ནམ་མཁའ་མཚོ།

《བཀྲ་ཤིས་སྨོན་འདུན།》གཞས་པ་བསོད་ནམས་མགོན་པོ།

《གཡུ་ཆུང་དྲུག་དཀར།》གཞས་མ་མཚོ་ཡག

《ཕ་ཡུལ་རྫ་ཆུ་ཁ།》གཞས་མ་སྒྲོན་དཀར་ལྷ་མོ།

        དེ་ལྟར་ཕལ་ཆེར་དུས་ཡུན་ཆུ་ཚོད་གཉིས་ཙམ་གྱི་རིང་ལ་བྱང་སྡེ་ཉི་མ་རྫ་ཆུ་ཁའི་རྒྱ་ཆེའི་མང་ཚོགས་རྣམས་ལ་བློ་ཡིད་ཚིམ་ཞིང་སེམས་པ་སྒུལ་བའི་རིག་རྩལ་འཁྲབ་སྟོན་གྱི་གསོལ་སྟོན་གྱ་ནོམ་པ་ཞིག་ཕུལ་ལ། ཡུལ་དངོས་ལ་ཕེབས་པའི་ཆུང་སོ་དཀར་ནས་རྒན་མགོ་དཀར་བར་གྱི་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ།
        གཞན་ཡང་ཐེངས་འདིའི་སྤྲོ་ཚོགས་ནི་སི་ཁྲོན་བོད་སྐད་རླུང་འཕྲིན་གྱི་རིག་རྩལ་ཐད་གཏོང་བྱ་འགུལ་ཞིག་ཡིན་པའི་ཆ་ནས། སྤྲོ་ཚོགས་ཧྲིལ་བོ་སི་ཁྲོན་བོད་སྐད་རླུང་འཕྲིན་ཁང་གིས་ཐད་གཏོང་བྱས་པ་མ་ཟད། ཁམས་པའི་བརྙན་འཕྲིན་ཁང་དང་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་སྨྱན་བྱད་གསར་བའི་བརྒྱུད་ལམ་ནས་སྒྲ་བརྙན་ཐད་གཏོང་བྱས་ལ།  རླུང་བརྙན་འཕྲིན་དང་དྲ་ལམ་ཁག་ནས་གསན་གཟིགས་གནང་པའི་དྲ་གྲོགས་གང་མང་གིས་ཀྱང་དགའ་བསུ་ཆེན་པོ་ཐོབ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1