ལྷ་ཚོགས་འཁོར་འདུས་ཀྱི་གཞལ་ཡས་ཁང་ཆེན་སྟེ། ཙོང་ཁའི་ལབ་ཙེ་ཆེན་མོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ། སྤེལ་དུས། 07-05


        2017ལོའི་སྤྱི་ཟླ་བདུན་པའི་ཚེས་གཅིག་ཉིན་ཏེ་ལུགས་རྙིང་གི་ཟླ་དྲུག་པའི་ཚེས་8ཉིན་ལ་མདོ་སྨད་ཙོང་ཁའི་རི་རྒྱུད་ཀྱི་གཤོག་འདབ་སྒོ་མེ་རིའི་ཉག་ཁར་དྲི་བཟང་གིས་ཡོངས་སུ་ཁྱབ་ཅིང་། བསང་དུ་ལང་ལོང་ཙོང་ཁའི་རི་རྒྱུད་ཀྱི་མཁའ་དབྱིངས་སུ་མཆེད་དེ་བདག་པོ་གང་ཞིག་གི་མདུན་བསུ་ལ་ཕེབས་པ་ལྟ་བུའི་བཀྲ་ཤིས་པའི་རྟགས་དང་མཚན་མའི་ཁྲོད་ལབ་ཙེ་བསྟོད་པའི་ཆོ་གའི་མཛད་རིམ་སྤེལ། འདི་ནི་རྨ་གཡང་ཕྱུག་མོའི་ངོགས་སུ་བབ་ཀྱིས་ཆགས་པའི་ཡུལ་ཁྲི་ཀས་གཙོ་གཉེར་མཛད་ཅིང་། ལོ་རེར་དུས་གཏན་དུ་བསྟོད་སྲོལ་ཆགས་པའི་ཙོང་ཁ་ལབ་ཙེ་ཆེན་པོ་རྒྱས་བསྟོད་ཀྱི་མཛད་སྒོ་སྤེལ་བའི་ཉིན་མོ་རེད། 

        ལབ་ཙེ་འདི་ནི་ཟི་ལིང་དང་ཁྲི་ཀ་བར་གྱི་གཞུང་ལམ་རྙིང་བ་སྟེ། ཞིང་ཆེན་གྱི་ཡུལ་སྐོར་ལམ་ཐིག་རྒྱུད་གྱི་སྒོ་མེ་རིའི་ཉག་ཁར་བཙུགས་ཡོད་ཅིང་། སྔ་མོ་ནས་སྒོ་མེ་རི་སྟེ་ཙོང་ཁའི་རི་རྒྱུད་འདིའི་ཕར་རྒྱབ་དང་ཚར་ལོགས་ཀྱི་ཡུལ་མི་གཙོས་ཕར་འགྲོ་ཚུར་འོང་གི་བོད་མི་ཚོས་མཆོད་བསྟོད་བྱེད་སའི་ལབ་ཙེ་ཆུང་ཆུང་ཞིག་ཡིན་འདུག ཕྱིས་སྲིད་པའི་ལྷ་ཚོགས་ཀུན་འདུས་ཀྱི་ལབ་ཙེ་ཞེས་མཚན་རྒྱས་པ་དང་ནང་གི་རྟེན་རྒྱས་པ། བཀོད་པ་རྒྱས་པ་ལ་སོགས་རྒྱས་བཞེངས་གནང་བས་ད་ཆ་བོད་རྒྱ་སོག་གསུམ་གྱི་དད་ལྡན་དག་གི་ཆོས་སྐྱོང་སྲུང་མ་དང་ཡུལ་ལྷ་གཞི་བདག་ལ་བསང་མཆོད་སྐྱབས་རེ་ཞུ་ས་ཉག་ཅིག་ཏུ་གྱུར་ཡོད། 

        ལབ་ཙེ་ཆེན་མོ་འདིའི་མཐོ་ཚད་ལ་སྨི་40ཡན་ཡོད་ཅིང་། ལབ་ཙེ་དགུ་དཀྱུས་གཅིག་ཏུ་སྤུངས་ནས་ཕོ་བྲང་གི་རྣམ་པར་གྲུབ་ཡོད་པ་དང་དེའི་ཤར་དུ་རིམ་པར་ལབ་ཙེ་མ་བུ་བཅུ་གསུམ་ཡོད། ཁམས་གསུམ་གྱི་མཚོན་བྱེད་དུ་ཐོག་བརྩེགས་རིམ་པ་གསུམ་བྱས་ནས་བཞེངས། རྨང་སྟེགས་ཀྱི་རྒྱ་ཁྱོན་ལ་སྤྱི་ཁྲེ་30དང་ཞེང་ལ་སྤྱི་ཁྲེ་60ཡོད་པ་དང་། བརྩེགས་རིམ་དང་པོ་དང་གཉིས་པའི་ནང་རྨ་རྒྱལ་སྦོམ་ར་གཙོ་བྱས་པའི་སྲིད་པ་ཆགས་པའི་ལྷ་དགུ་དང་བླ་མ་ཡི་དམ་ཆོས་སྐྱོང་སྲུང་མ་བཅས་དང་། ལྷག་པར་དགྲ་ལྷ་བཅུ་གསུམ་ལ་སོགས་མདོ་ཁམས་ཀྱི་དྲེག་ཆེ་དགུའི་ལྡེབས་རིས་དང་ཐང་ག་སོགས་ཡོད། 2014ལོར་ལབ་ཙེ་སྤྱིའི་བཀོད་པ་དང་རྟེན་བཞེངས་སོགས་ཡོངས་སུ་གྲུབ་ཅིང་། 2016ལོའི་ལོ་ཟླ་བཞི་བར་འཛམ་གླིང་ཅི་ཉི་སི་ཟིན་ཐོའི་འདྲི་རྩད་པེ་ཅིང་ཚད་ཡོད་ཀུང་སིས་ཅི་ཉི་སི་ཟིན་ཐོ་བསྐྲུན་པའི་ལབ་ཙེ་ཆེས་ཆེན་པོ་ཞེས་པའི་མཚན་སྙན་གནང་། 

        བོད་པ་འདི་ཐོག་མ་ཞིག་ནས་རྟགས་དང་རྟེན་འབྲེལ་གྱི་བདག་པོར་ཆགས་ཡོད་སྟབས། ལྷ་གསོལ་བསང་མཆོད་ཀྱི་ཆོ་ག་སྤེལ་རྗེས་གླུ་དང་གར་གྱི་རྩེད་མོ་སྣ་ཚོགས་ལ་རོལ་རྒྱུ་ཧ་ཅང་དགའ་བོ་ཡོད། ཙོང་ཁའི་ལབ་ཙེ་ཆེན་པོ་རྒྱས་བསྟོད་ཀྱི་ཉིན་མོ་དེ་ལའང་དེ་ལྟ་བུའི་སྲོལ་ཞིག་མ་སྐུལ་རང་འཇགས་སུ་ཆགས་ནས་ལབ་བསྟོད་ཀྱི་ཆོ་ག་རབ་དང་རིམ་པ་སྤེལ་བའི་མཇུག་ཏུ་སྒོ་མེ་རིའི་འདབས་ཀྱི་རྩྭ་ཐང་དུ་སོ་སོའི་གུར་ཕུབ་ནས་ཤ་ཆང་གི་མཚོ་མོ་དང་། སྲོལ་རྒྱུན་གྱི་རོལ་རྩེད་སྣ་ཚོགས་ལ་སོས་དལ་བག་ཕེབས་ཀྱི་ངང་ནས་རོལ་མགོ་བརྩམས། 
        མཁའ་མཐར་འཕགས་པའི་རི་རྩེ་དང་། མཐོངས་ཡངས་པའི་རྩྭ་ཐང་སྔོན་མོ། རྣམ་པར་བཀྲ་བའི་མེ་ཏོག་གི་སྟངས་སྟབས་སོགས་ཉམས་དགའ་བའི་དབྱར་དུས་ཀྱི་མཛེས་པ་དེས་དུས་རྒྱུན་ངལ་དུབ་ཀྱིས་ཟིན་པའི་ཞིང་པ་དང་། འབྲོག་པ། ལས་བྱེད་པ་གང་མང་ཞིག་གི་ངལ་ཁ་བགས་ཀྱིས་སོས་ནས་རིང་བོར་སྒོམ་པའི་གདོད་མའི་མི་རིགས་འདིའི་ཁྱད་གཤིས་དེ་ཡུལ་དུས་ཀྱི་ཁོར་ཡུག་གཙང་མ་དང་ལྷན་འཛོམས་ཀྱི་གཏམ་ཁ་དྲོན་མོ་ཞིག་ནས་སྨུག་སེང་བ་བཞིན་ཕྱིར་མངོན་ཡོང་། ཉིན་དེར་ཡུལ་ཁྲི་ཀ་མ་གཏོགས་ཡུལ་ཙོང་ཁ་དང་། གཅན་ཚ། གསེར་ཆེན། དར་མཚོ། ཟི་ལིང་སོགས་ཀྱི་ཡུལ་མི་འཛོམས་ཡོད་ལ། དེ་ལས་ལ་ལ་ནི་མདའ་འཕེན་འགྲན་ཞུགས་པ་དང་། ལ་ལ་ནི་རྟ་རྒྱུག་འགྲན་ཞུགས་པ། ལ་ལ་ནི་གླུ་བ་གླུ་མ། ལ་ལ་ནི་ལབ་བསྟོད་ཀྱི་གཟིགས་མོ་བ་སོགས་རེད་ལ། གཞན་རྒྱ་མི་ཡུལ་སྐོར་བ་དང་སྤྲོ་གསེང་བ། བརྙན་ལེན་པ་ཡང་མི་ཉུང་བ་ཞིག་འདུག 
        ཤེས་གསལ་ལ། ལབ་བསྟོད་ཀྱི་སྤྲོ་ཚོགས་འདི་2016ལོར་ཐོག་མར་སྤེལ་འགོ་བརྩམས་ཤིང་། ད་ལོ་ནི་སྤེལ་ཐེངས་གཉིས་པ་རེད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1