སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱིགནས་ཚུལ་རགས་བཀོད།

ཕུན་ཚོགས་བཀྲ་ཤིས་ཀྱིས་བྲིས། ཝང་མིང་དབྱང་གིས་པར་བླངས། རྩོམ་སྒྲིག་པ།ཚེ་འཛིནསྒྲོལ་དཀར། ཡོང་ཁུངས།མི་རིགས། སྤེལ་དུས། 07-14


༢༠༡༦ལོའི་ཟླ༨པའི་ཚེས༩ཉིན་ནས་ཚེས༡༡ཉིན་བར་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་གྱི་བྱང་སྒོ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་ནས་འཚོགས་པ་རེད།

མཛད་སྒོའི་སྟེང་དུ། ཀྲུང་གོའི་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་གཞོན་པ་བསྟན་འཛིན་དང་། སི་ཁྲོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཙུའོ་མིང་། སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ་དབྱང་ཞིང་ཕིང་། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནོར་བུ་རྒྱལ་མཚན། ད་དུང་མཚོ་སྔོན་དང་ཡུན་ནན། བོད་ལྗོངས་སོགས་ནས་ཕེབས་པའི་འགོ་ཁྲིད་དང་སྐུ་མགྲོན་རྣམས་འགོ་ཚུགས་མཛད་སྒོར་ཞུགས།


སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཡེ་ཤེས་ཟླ་བས་འགོ་ཚུགས་མཛད་སྒོའི་གཙོ་འགན་བཞེས་པ་དང་། སི་ཁྲོན་ཞིང་ཆེན་གྱི་ཞིང་དཔོན་གཞོན་པ་དབྱང་ཞིན་ཕིན་གྱིས་སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་དངོས་སུ་འགོ་ཚུགས་པ་ཁྱབ་བསྒྲགས་བྱས།

ཐེངས་འདིའི་སྒྱུ་རྩལ་དུས་ཆེན་འགོ་ཚུགས་མཛད་སྒོའི་ཐོག་རིག་རྩལ་འཁྲབ་སྟོན་སོགས་ལེའུ་ལྔ་ལས་གྲུབ་ཡོད་པ་དང་། གླུ་མ་འཇམ་དབྱངས་སྒྲོལ་མ་དང་སྐྱིད་བྱམས། ཀུན་དགའ། ཚེ་དབང་ལྷ་མོ་སོགས་བོད་རིགས་ཀྱི་མིང་ཏུ་གྲགས་པའི་གླུ་བ་གླུ་མ་ཚོས་གླུ་དབྱངས་བླངས་ཤིང་གནའ་བོའི་རིག་གནས་དང་གེ་སར་རིག་གནས། མཛའ་གཞས་རིག་གནས། དམངས་ཁྲོད་རིག་གནས་བཅས་ཀྱི་འཁྲབ་སྟོན་གྱིས་མི་དམངས་ལ་མིག་གི་དགའ་སྟོན་སྦྱིན།

ཁམས་པའི་རིག་གནས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ནི་བདེ་ཆེན་ཁུལ་དང་། ཆབ་མདོ་ས་ཁུལ། དཀར་མཛེས་ཁུལ། ཡུལ་ཤུལ་ཁུལ་བཅས་ས་ཁུལ་བཞི་ཡིས་མཉམ་དུ་སྒྲིག་འཛུགས་བྱས་ཏེ་རེས་མོས་ངང་སྤེལ་བ་ཡིན་ལ། དེ་ནི་སི་ཁྲོན་དང་ཡུན་ནན། བོད་ལྗོངས། མཚོ་སྔོན་བཅས་འབྲེལ་མཚམས་ས་ཁུལ་གྱི་དཔལ་འབྱོར་རིག་གནས་ཀྱི་བྱ་འགུལ་གལ་ཆེན་ཞིག་ཀྱང་རེད།


༡༩༩༤ལོའི་སྤྱི་ཟླ༨པར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་སྒྱུ་རྩལ་དུས་ཆེན་ཐོག་མ་སྤེལ་བ་ནས་བཟུང་ད་ལྟའི་བར་དུ་ཐེངས་དགུ་ལ་སྤེལ་མྱོང་བ་དང་། དེ་ནི་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ཀྱི་སྙིང་སྟོབས་ཇེ་ཆེར་སྐྱེད་པ། རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ། ཁམས་པའི་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་ཡོང་བ། རིག་གནས་དར་རྒྱས་གོང་འཕེལ་དུ་གཏོང་བའི་སྤྲོ་ཚོགས་གཟབ་རྒྱས་ཤིག་ཡིན་པ་མ་ཟད། མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱེད་བཞིན་པའི་ས་ཁུལ་རང་བཞིན་གྱི་སྒྱུ་རྩལ་དུས་ཆེན་ཞིག་ཏུ་གྱུར་ཡོད།


ཉིན་གསུམ་རིང་གི་ཁམས་པའི་སྒྱུ་རྩལ་དུས་ཆེན་ནང་གྲགས་ཅན་ཁེ་ལས་ཀྱིས་དཀར་མཛེས་ཁུལ་དུ་མ་དངུལ་འཇོག་པའི་མཚམས་སྦྱོར་ངོ་སྤྲོད་དང་ལས་གཞིའི་ཆིངས་འཇོག་མཛད་སྒོ། ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་སྒོ་ཕྱེ་བའི་མཛད་སྒོ། ཁམས་པའི་ན་གཞོན་གླུ་བའི་འགྲན་བསྡུར་ཆེན་པོ་སོགས་འགྲན་བསྡུར་ཆེན་པོ་བཞི་རུ་ཕྱེ་ཡོད་ལ། གློག་བརྙན《གངས་དཀར་རི་བོ》ཐོག་མར་གཏོང་བའི་མཛད་སྒོ། རིག་གནས་སྒྱུ་རྩལ་གྱི་ཐོན་རྫས་འགྲེམས་སྟོན། རིག་གནས་དམངས་ཕན་བྱེད་སྒོ་དང་མཇུག་སྒྲིལ་དགོང་ཚོགས་སོགས་འཁྲབ་ཚན་སུམ་ཅུ་ལ་ཉེ་བ་ལྟད་མོ་བ་ཡོངས་ཀྱི་མིག་ལམ་དུ་འབུལ་རྒྱུའི་གྲ་སྒྲིག་ཚགས་དམ་བྱས་ཡོད།

སྤྱི་ཟླ༧པའི་ཚེས༣༠ཉིན། སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན“དྭངས་གཙང་གི་དཀར་མཛེས། བཀྲ་ཤིས་པའི་ཉི་མའི་ཚོ་བ།”ཞེས་པའི་༢༠༡༦ལོའི་ཀྲུང་གོའི་སེར་ཤུལ་སྦྲ་གུར་དུས་ཆེན་གྱི་བྱེད་སྒོ་སེར་ཤུལ་རྫོང་དུ་གཟབ་རྒྱས་ངང་སྤེལ་འགོ་ཚུགས།


སྤྱི་ཟླ༨པའི་ཚེས༩ཉིན། སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་དང་། དཀར་མཛེས་ཁུལ་ཡོངས་ཀྱི་མི་དམངས་རྣམས་ཀྱིས་ཡུན་རིང་རེ་སྒུག་བྱས་པའི་དཀར་མཛེས་ཁུལ་མི་རིགས་བཤམས་སྟོན་ཁང་གི་སྒོ་དངོས་སུ་ཕྱེ་འགོ་བརྩམས།

ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་གཞོན་པ་བསྟན་འཛིན་དང་སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ་དབྱང་ཞིན་ཕིན། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནོར་བུ་རྒྱལ་མཚན་དང་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་བཅས་སྒོ་འབྱེད་མཛད་སྒོར་ཞུགས་པ་མ་ཟད་བཤམས་སྟོན་ཁང་ལ་སྒོ་བྱང་བཀལ། ངོ་སྤྲོད་བྱས་པ་ལྟར་ན། དཀར་མཛེས་ཁུལ་མི་རིགས་བཤམས་སྟོན་ཁང་ནི༡༩༨༤ལོར་ལས་གཞིར་ཆོག་མཆན་ཐོབ་པ་དང་། ༢༠༡༠ལོའི་ཟླ༥པར་ལས་འགོ་བཙུགས་ནས་ལོ་ངོ་དྲུག་བརྒྱུད་པའི་དུས་དེ་རིང་དངོས་སུ་སྒོ་ཕྱེས་ལ་རྩེགས་རིམ་དང་པོ་ནི་རང་བྱུང་འགྲེམས་སྟོན་ཁང་དང་། རྩེགས་རིམ་གཉིས་པ་ལོ་རྒྱུས་འགྲེམས་སྟོན་ཁང་། རྩེགས་རིམ་གསུམ་པ་རིག་གནས་རྒྱུད་འཛིན་འགྲེམས་སྟོན་ཁང་བཅས་ཀྱིས་གྲུབ།


སྐབས་དགུ་པའི་ཁམས་པའི་སྒྱུ་རྩལ་དུས་ཆེན་གྱི་ཡན་ལག་འདུ་འཛོམས་ཤིག་ཏུ་བརྩིས་པའི་ཀྲུང་གོའི་སེར་ཤུལ་རྫོང་སྦྲ་གུར་དུས་ཆེན་དེ་སྤྱི་ཟླ༧པའི་ཚེས༣༠ཉིན་སེར་ཤུལ་རྫོང་དུ་འགོ་ཚུགས་པ་རེད། ཡུལ་སྐོར་བ་རྣམས་ཀྱིས་ཡུལ་སྲོལ་གོམས་གཤིས་འགྲེམ་སྟོན་གྱི་སྦྲ་ནག་ནང་སྲོལ་རྒྱུན་གྱི་འབྲོག་པའི་འཚོ་བ་རོལ་མྱོང་བྱས་ཆོག་པ་མ་ཟད། ད་དུང་ཐང་ག་འགྲེམ་སྟོན་གྱི་སྦྲ་ནག་ནང་ཐང་གའི་སྒྱུ་རྩལ་ལ་རོལ་མྱོང་བྱས་ཆོག དེ་མིན་རྡོ་བརྐོས་སྒྱུ་རྩལ་འགྲེམས་སྟོན་གྱི་སྦྲ་གུར་ནང་རིག་གནས་ཀྱི་ཁྱད་ཆོས་བླ་ལྷག་ལྡན་པའི་རྡོ་བརྐོས་སྒྱུ་རྩལ་དང་ཡིག་གཟུགས་པར་རིགས་འགྲེམ་སྟོན་གྱི་སྦྲ་གུར་ནང་ཉེ་བའི་ལོ་འགའ་ནང་གི་བོད་ཡིག་ཡིག་གཟུགས་དང་པར་རིགས་སྣ་མང་ལ་རོལ་མྱོང་བྱས་ཆོག་པ་དང་བོད་བརྒྱུད་ནང་བསྟན་གྱི་རིག་གནས་ནང་སྙིང་ལ་རྒྱུས་ལོན་དང་རོལ་མྱོང་བྱས་ཆོག་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1