སྐབས་བཅུ་དྲུག་པའི་མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟ་འགྲན་བསྡུར་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 07-17


 
        ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་རྡོ་ཐར་གྱིས་མཚོ་སྔོན་ལུང་མདོ་ནས་སྤེལ་བའི་གནས་ཚུལ། ཟླ་7པའི་ཚེས་15ཉིན་མཚོ་སྔོན་ཞིང་སྡེ་ཡིད་རྟོན་དངུལ་ཁང་རྟགས་མའི་སྐབས་བཅུ་དྲུག་པའི་མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟ་རྒྱུག་འགྲན་འགོ་ཚུགས་མཛད་སྒོ་དེ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ལུང་མདོ་ཁུལ་དུ་སྤེལ་ཞིང་། མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟ་རྒྱུག་འགྲན་གྱི་མཚན་འཛིན་ཀྲུའུ་ཞིའམ་རྒྱལ་སྤྱིའི་ལྕགས་རྟ་མཉམ་འབྲེལ་གྱི་ཀྲུའུ་ཞི་པུ་ལེང་ཨིན་ཁུ་ཁི་སིན་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས། རྒྱལ་ཁབ་གསར་འགྱུར་པར་སྐྲུན་གློག་བརྙན་འཕྲིན་སྤྱི་ཁྱབ་ཅུས། དེ་མིན་རོགས་སྒྲུབ་སྡེ་ཁག་གི་འབྲེལ་ཡོད་འགོ་ཁྲིད་དག་འགོ་ཚུགས་མཛད་སྒོར་ཞུགས་གནང་ཡོད་པ་རེད། 
        ཐེངས་འདིའི་མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟ་རྒྱུག་འགྲན་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་གསར་འགྱུར་པར་སྐྲུན་གློག་བརྙན་འཕྲིན་སྤྱི་ཁྱབ་ཅུས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་གནང་ཞིང་། ཀྲུང་གོ་ལྕགས་རྟའི་ལུས་རྩལ་མཐུན་ཚོགས་དང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལུས་རྩལ་ལྟེ་གནས། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས། ཀན་སུའུ་ཞིང་ཆེན་ལུས་རྩལ་ཅུས། ཉིང་ཤ་ཧུའེ་རིགས་རང་སྐྱོང་ལྗོངས་ལུས་རྩལ་ཅུས་སོགས་ཀྱིས་རོགས་སྒྲུབ་གནང་བ་རེད། 

        ཤེས་རྟོགས་བྱུང་བ་ལྟར་ན། སྐབས་བཅུ་དྲུག་པའི་མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟ་རྒྱུག་འགྲན་ནང་འཛམ་གླིང་གི་གླིང་ལྔའི་ལྕགས་རྟ་རུ་ཁག་22ཞུགས་ཡོད་ལ། རྒྱུག་འགྲན་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་3347ཡོད་པ་དང་། དེའི་ནང་རྒྱུག་འགྲན་གྱི་བར་ཐག་སྤྱི་ལེ་2042དང་གནས་སྤོར་ལ་སྤྱི་ལེ་1305ཡོད་པ་ལས་གཞན། བསྡོམས་པས་ཉིན་14ལ་རྒྱུག་འགྲན་བྱ་རྒྱུ་དང་རྒྱུག་རིམ་13ཡོད་པ་རེད། 

        ཐེངས་འདིའི་ལྕགས་རྟ་རྒྱུག་འགྲན་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ལུང་མདོ་ཁུལ་ནས་འགོ་བརྩམས་ཤིང་ཉིང་ཤ་ཧུའེ་རིགས་རང་སྐྱོང་ལྗོངས་ཀྱི་ཀྲུང་ཝེ་གྲོང་ཁྱེར་ནས་མཇུག་སྒྲིལ་རྒྱུ་ཡིན་པ་དང་། ཟླ་7པའི་ཚེས་15ཉིན་ནས་ཚེས་29ཉིན་བར་མཚོ་སྔོན་དང་ཀན་སུའུ། ཉིན་ཤ་བཅས་ཞིང་ལྗོངས་གསུམ་དུ་སྤེལ་རྒྱུ་ཡིན་པ་རེད།
        རྒྱུག་འགྲན་བྱེད་པའི་ས་ཁུལ་གཙོ་བོ་ལ་མཚོ་སྔོན་ཞིང་ཆེན་གྱི་མཚོ་ཤར་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། ཀན་སུའུ་ཞིང་ཆེན་གྱི་ཀ་ཅུ་ཁུལ། ཏིན་ཞི་གྲོང་ཁྱེར། ཐེན་ཧྲོས་གྲོང་ཁྱེར། ཕེང་ལང་གྲོང་ཁྱེར། ཉིང་ཤ་ཧོས་རིགས་རང་སྐྱོང་ལྗོངས་ཀྱི་ཡོན་ཁྲོམ་གྲོང་ཁྱེར་དང་ཀྲུང་ཝེ་གྲོང་ཁྱེར་བཅས་བརྒྱུད་རྒྱུ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1