སྲོལ་རྒྱུན་ལག་ཤེས་ལ་བརྟེན་ནས་ཁྱིམ་ཐབས་སྐྱོང་བའི་ཆུ་ཤུར་གྱི་ཨ་ཅག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་ལས་ཁུངས། སྤེལ་དུས། 07-17


        བོད་ལྗོངས་ཆུ་ཤུར་རྫོང་གནམ་ཤང་དུ་བུད་མེད་ཁག་ཅིག་གིས་རང་རང་གི་འཁལ་འཐག་ལག་ཤེས་དང་སྲོལ་རྒྱུན་ལག་རྩལ་ལ་བརྟེན་ནས་ཁྱིམ་ཐབས་སྐྱོང་བཞིན་ཡོད། 

        འཁལ་འཐག་ལག་ཤེས་མཉམ་ལས་ཁང་གི་སྣེ་ཁྲིད་མཁན་ཨ་ཅག་ཉི་མ་ཆོས་སྒྲོན་ལགས་ཀྱིས་གསར་འགོད་པར། ཁོང་མོ་ཆུང་དུས་སློབ་གྲྭར་འགྲོ་མྱོང་མེད་པ་དང་། ལག་རྩལ་ཐད་དམིགས་བསལ་གྱི་སྦྱོང་བརྡར་གང་ཡང་བྱས་མ་མྱོང་བའི་གནས་ཚུལ་འོག འཁལ་འཐག་ལག་ཤེས་ཁོ་ནར་བརྟེན་ནས་རང་དང་འདྲ་བའི་བུད་མེད་ཁག་ཅིག་དང་མཉམ་དུ་ཨ་ཅག་འཁལ་འཐག་ལག་ཤེས་མཉམ་ལས་ཁང་འདི་བཙུགས་ཏེ། ཁྱིམ་ཐབས་སྐྱོང་བཞིན་ཡོད་ཅེས་གསུངས་བྱུང་། 

        དེ་ཡང་འཁལ་འཐག་ལག་ཤེས་འདིར་བརྟེན་ནས་གྲོང་ཚོའི་བུད་མེད་ཁག་ལ་ཡོང་འབབ་རག་ཐབས་བྱས་ཏེ་འཚོ་བའི་དཀའ་ངལ་སེལ་རྒྱུ་དེ་དམིགས་འབེན་ཉག་ཅིག་དེ་མ་ཡིན་པར་ཁོང་ཚོས་སྲོལ་རྒྱུན་ལག་ཤེས་དེ་རང་ནུས་གང་ཡོད་ཀྱིས་དར་སྤེལ་དང་རྒྱུད་འཛིན་བྱེད་བཞིན་ཡོད། 

        ཨ་ཅག་ཉི་མ་ཆོས་སྒྲོན་གྱིས། ང་ཚོ་བུད་མེད་ཁག་ལ་མཚོན་ན། སྲོལ་རྒྱུན་གྱི་འཁལ་འཐག་ལག་ཤེས་དེ་རིགས་དར་སྤེལ་དང་རྒྱུད་འཛིན་བྱ་རྒྱུ་ནི་ང་ཚོའི་ཕྲག་ལ་བབས་པའི་འོས་འགན་ཡིན་པས། ང་ཚོས་ནམ་ཡང་ལག་ཤེས་གསར་གཏོད་དང་རྒྱུད་འཛིན་བྱེད་བཞིན་ཡོད་ཅེས་གསུངས་བྱུང་། 

        ཨ་ཅག་ཉི་མ་ཆོས་སྒྲོན་གྱིས་འབྱུང་འགྱུར་འཁལ་འཐག་ཐོན་རྫས་ཐད་དུས་རབས་དང་འཚམ་པའི་བསྒྱུར་བཅོས་གཏོང་རྒྱུའི་བསམ་བློ་ཡོད། མ་འོངས་པར་འཁལ་འཐག་ཐོན་རྫས་དེ་རིགས་ཡུལ་སྐོར་བའི་དགའ་བསུ་ཐོབ་པའི་ཐོན་རྫས་ལ་འགྱུར་བ་བྱ་རྒྱུ་མ་ཟད་འཁལ་འཐག་ཐོན་རྫས་དྲ་ཐོག་ནས་བྲིན་ཚོང་བྱ་རྒྱུར་འབད་པ་བྱ་རྒྱུ་ཡིན་ཞེས་གསུངས་བྱུང་། །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1