༄༅།། རང་སྐྱོང་ས་གནས་སུ་མི་རིགས་དེའི་སྐད་དང་ཡི་གེ་གཙོ་བོར་འཛིན་དགོས།

སྐལ་བཟང་རྒྱལ་གྱིས་བསྒྱུར་སྒྲིག་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-28


    “མི་རིགས་ཁག་ཚང་མར་རང་ཉིད་ཀྱི་སྐད་དང་ཡི་གེ་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་རང་དབང་ཡོད་པ”ནི་རྩ་ཁྲིམས་ཀྱི་དོན་ཚན་བཞི་བ་ལས་གཏན་ཁེལ་བྱས་པ་ཡིན་ལ། རྩ་ཁྲིམས་ཀྱི་དོན་ཚན་བརྒྱ་དང་ཉེར་གཅིག་པ་ལས་ཀྱང་། “མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་འགན་སྒྲུབ་སྐབས། མི་རིགས་རང་སྐྱོང་ས་གནས་དེ་གའི་རང་སྐྱོང་ཁྲིམས་སྲོལ་གྱི་གཏན་ཁེལ་ལྟར་ས་གནས་དེ་གར་སྤྱི་ཁྱབ་ཏུ་སྤྱོད་པའི་སྐད་དང་ཡི་གེ་རིགས་གཅིག་གམ་ཁ་ཤས་སྤྱོད་རྒྱུའི”གཏན་ཁེལ་ཡང་ཡོད། མི་རིགས་རང་སྐྱོང་ས་གནས་སོ་སོའི་རང་སྐྱོང་སྲོལ་ཡིག་ལས་ཀྱང་རང་སྐྱོང་ལས་ཁུངས་ཀྱིས་ལས་འགན་སྒྲུབ་སྐབས་སྐད་དང་ཡི་གེ་རིགས་ཁ་ཤས་དུས་མཚུངས་སུ་སྤྱོད་རྒྱུའི་གཏན་ཁེལ་ཡོད་དེ། དཔེར་ན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་ལས། “རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་འགན་སྒྲུབ་སྐབས། བོད་རྒྱ་གཉིས་ཀྱི་སྐད་དང་ཡི་གེ་དུས་མཚུངས་སུའམ་ཡང་ན་སོ་སོར་སྤྱོད་རྒྱུའི”གཏན་ཁེལ་བྱས་ཡོད་པ་ལྟ་བུ། འོ་ན། དུས་མཚུངས་སུའམ་སོ་སོར་བོད་རྒྱ་གཉིས་ཀྱི་སྐད་དང་ཡི་གེ་སྤྱོད་ཆོག་ཚེ། ལག་ལེན་གྱི་ཁྲོད་དུ་དོན་དངོས་སུ་བོད་རྒྱ་གཉིས་ཀྱི་སྐད་དང་ཡི་གེ་ལས་གང་ཞིག་གཙོ་བོར་འཛིན་རྒྱུ་ནི་མི་རིགས་རང་སྐྱོང་ས་ཁོངས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་འགན་སྒྲུབ་པ་དང་། མང་ཚོགས་ཀྱིས་རྒྱལ་ཁབ་གཞུང་ལ་བྱ་བ་ཡར་ཞུ་དང་། སྲིད་ཇུས་རྒྱུས་ལོན། རང་ཉིད་ཀྱི་ཁེ་དབང་ལོངས་སྤྱོད་བྱེད་པར་འགན་སྲུང་ཇི་ལྟར་བྱེད་པའི་གནད་ཆེ་བའི་དོན་དག་ཅིག་ཡིན། དེ་བས། མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་དོན་ཚན་ཉེར་གཅིག་པ་ལས། “མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་ལས་འགན་སྒྲུབ་སྐབས་མི་རིགས་རང་སྐྱོང་ས་གནས་དེ་གའི་རང་སྐྱོང་སྲོལ་ཡིག་ནང་གསལ་བའི་གཏན་ཁེལ་ལྟར་ས་གནས་དེ་གར་སྤྱི་ཁྱབ་ཏུ་སྤྱོད་པའི་སྐད་ཡིག་རིགས་གཅིག་གམ་ཁ་ཤས་སྤྱོད་རྒྱུ་དང་། སྤྱི་ཁྱབ་ཏུ་སྤྱོད་པའི་སྐད་ཡིག་རིགས་ཁ་ཤས་ཀྱི་ཐོག་ནས་ལས་འགན་སྒྲུབ་སྐབས་ས་ཁོངས་རང་སྐྱོང་དངོས་སུ་བྱས་པའི་མི་རིགས་དེའི་སྐད་ཡིག་གཙོ་བོར་བཟུང་ཆོག”པའི་གཏན་ཁེལ་འདི་གཞིར་བཟུང་ཚེ། བོད་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལས་ཁུངས་ཀྱིས་བོད་རྒྱ་གཉིས་ཀྱི་སྐད་དང་ཡི་གེ་བེད་སྤྱད་དེ་ལས་འགན་སྒྲུབ་སྐབས། དོན་དངོས་སུ་སྐད་རིགས་གང་ཞིག་གཙོ་བོར་འཛིན་པ་ལ། བོད་རིགས་རང་སྐྱོང་ས་གནས་ཡིན་པ་དང་། རྩ་ཁྲིམས་ལས་མི་རིགས་ཁག་ལ་རང་གི་སྐད་དང་ཡི་གེ་བེད་སྤྱོད་དང་འཕེལ་རྒྱས་སུ་གཏོང་བའི་རང་དབང་ཡོད་པའི་གཏན་ཁེལ་འདི། དོན་དངོས་སུ་འགན་སྲུང་དང་མངོན་འགྱུར་བྱུང་ཆེད། གོང་དུ་གསལ་བའི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ཀྱི་དོན་ཚན་ཉེར་གཅིག་པའི་གཏན་ཁེལ་ལྟར་བོད་ཀྱི་སྐད་དང་ཡི་གེ་གཙོ་བོར་བཟུང་ནས་ལས་འགན་བསྒྲུབ་ཆོག
(མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་ལས་བཤུས།)



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1