ལྡེམ་མྱུར་སྟངས་སྟབས་བསྒྱུར་བའི་རིག་རྩལ་གྱིས། ། མིག་དང་རྣ་བར་བདུད་རྩིའི་ཐིགས་པ་འཇོ། །

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 07-31


      

བང་རྩལ། ཧུའུ་ཞིང་མིང་གིས་པར་བླངས།

          མི་ཉག་མགར་ཐར་ལ་མཚོན་ན་གླུ་གར་སྒྱུ་རྩལ་ཡང་ཕུན་སུམ་ཚོགས་པ་ཡོད་ས་ཞིག་སྟེ་ཡ་རབས་སྤྱོད་བཟང་གི་བསླབ་བྱ་སྲོག་ཏུ་ཞུགས་པའི་གླུ་གར་མང་། དེ་ལ་དགོན་པའི་གར་འཆམ་དང་། མང་ཚོགས་ཀྱི་བྲོ་དང་རིགས་གཉིས་ཡོད། དགོན་པས་རྒྱུད་འཛིན་བྱས་པའི་བོད་ཀྱི་ལྷ་མོའི་ཟློས་གར་ནི་རབ་བྱུང་དྲུག་པའི་ནང་བྱོན་པའི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་མཆོག་གིས་མི་ཉག་ལྕགས་ཟམ་དང་ཀླུ་ལྡིང་ལྕགས་ཟམ་(泸定桥)བསྐྲུན་པར་གནས་འདིར་ཞབས་ཀྱིས་བཅགས་ཤིང་ལྷ་མོའི་ཟློས་གར་སྣ་ཚོགས་འཁྲབ་པས་མི་རྣམས་ཀྱིས་ཁོང་ལ་ཞལ་འདེབས་ཕུལ་ཞིང་དེ་ལ་ཟློས་པའི་གར་འཆམ་མྱོང་བ་དང་། ལྷ་སའི་ཞོ་སྟོན་དུས་ཆེན་གྱིས་ཤུགས་རྐྱེན་མི་འདྲ་བ་ཞིག་ཐེབས་ཕྱིར་མགར་ཐར་བས་ལྷ་མོའི་ཟློས་གར་དར་སྤེལ་རྒྱུན་འཛིན་བྱས་པ་དང་སྔ་ཕྱི་ཀུན་ཏུ་ར་རྔ་ཁ་གཙོ་བོར་བྱས་པའི་སྦྱོང་མཁན་བྱུང་བ་རྣམས་ལ་ཚུལ་བཞིན་དུ་བསླབས་ཏེ་མི་ཉམས་གོང་འཕེལ་དུ་བཏང་། བཤད་སྲོལ་ལྟར་ན། དང་པོ་རྔོན་པས་ས་སྦྱང་། གཉིས་པ་རྒྱ་ལུས་བྱིན་འབེབས། གསུམ་པ་ལྷ་མོའི་གླུ་གར་ཞེས་གྲགས་པ་ལྟར། རྔོན་པའམ་རྒྱལ་འབག་ཟེར་བ་ཞིག་མི་བཅུ་ལས་གྲུབ་པ་ཞིག་དང་། མི་བཅུ་གཉིས་ལས་གྲུབ་པའི་རྒྱ་ལུ་འཆམ་སྐོར་གཅིག་ཏུ་དེ་ཐམས་ཅད་ཀྱིས་རྣམ་ཐར་གཏོང་བཞིན་འདོན་རྒྱག་པར་བྱེད་ཅིང་རང་ངོ་སྤྲོད་པ་དང་འབྲེལ་བའི་བླ་མའི་སྐུ་ཚེ་བརྟན་པ་དང་གདན་ས་གསུམ་དང་མགར་ཐར་དགོན་ལ་བསྟོད་ཚིག་ཕུལ། དེ་ནས་རྣམ་ཐར་འཁྲབ་གཞུང་བརྒྱད་དང་མགར་སྟོང་བཙན་གྱི་རྣམ་ཐར་བཅས་ལ་འཇུག ཡུལ་འདིའི་ཨ་ཅེ་ལྷ་མོའི་འཁྲབ་ལུགས་ལ་རྐང་ལག་གི་ལྡེམ་འཁྱུག་སོགས་ནི་བོད་ཁུལ་གྱི་འཁྲབ་སྟོན་གཞན་དང་མི་འདྲ་བར་ཡོད་པ་དང་། འགྲེལ་བཤད་པ་དང་འཆམ་པ་པོ་སོ་སོ་ལ་དཔག་པའི་རྣམ་ཐར་གྱི་དབྱངས་མི་འདྲ་བ་བཅུ་ཕྲག་འགའ་གཏང་རྒྱུ་ཡོད་པ་དག་ནི་དབུས་གཙང་ཁུལ་གྱི་ལྷ་མོ་ཚོགས་པ་ལྟར་དབྱངས་ལ་འགུག་འདོན་ལུགས་སོགས་བྱིངས་འདྲ་ཞིང་ཆ་ལུགས་ཀྱང་དེ་བཞིན་ནོ། །བླ་ཆེན་མི་ཆེན་ཕེབས་སྐབས་དང་མཛད་སྒོ་ཆེ་གྲས་ལ་འཆམ་པ་ལྔ་ལས་གྲུབ་པའི་བཀྲ་ཤིས་ཞོལ་པ་དང་། འབྲས་དཀར་ཡང་འཆམ་རྒྱུ་ཡོད་པ་དེ་ཚོས་རེ་རེ་བཞིན་བཀྲ་ཤིས་སྨོན་ཚིག་དང་རྟེན་འབྲེལ་ཁ་གཡང་སྙན་མོ་སྒྲོག་པར་བྱེད། མགར་ཐར་དགོན་པ་མཚོན་ན་དྲུག་པའི་ཚེས་གཅིག་དང་བཞི་ལ་དབྱར་ཆོས་ཟེར་བའི་གར་འཆམ་ཞིག་ཡོད་ལ་དེ་ནི་ཡུལ་སྡེ་འདི་ཙམ་མ་ཟད་སྟོད་སྨད་བར་གསུམ་ནས་མགར་ཐར་དབྱར་ཆོས་ཞེས་གཙིགས་མཐོང་ཆེན་པོ་བྱས་ཤིང་མཇལ་དུ་ཡོང་། དབྱར་ཆོས་ཀྱི་འཆམ་ལུགས་འདི་ནི་རྒྱལ་བ་དགེ་འདུན་རྒྱ་མཚོའི་གདན་ས་ཆོས་འཁོར་རྒྱལ་ལམ་རྒྱལ་མེ་ཏོག་ཐང་ནས་དར་བ་ཡིན་ལ་དགེ་འདུན་པ་རྣམས་ཀྱིས་ན་བཟའ་སྤུས་ལེགས་གང་ཡག་བཞེས་ནས་དམར་འཆམ་དང་། ཞི་ཁྲོ་ལྷ་ཚོགས་ཀྱི་ན་བཟའ་ལྟར་གོས་ཆེན་ལས་བཟོས་པའི་འཆམ་གོས་དང་ལྷ་རང་རང་གི་འབག་དང་ཕྱག་མཚན་ཐོགས་པའི་འབག་འཆམ་བྱེད་རྒྱུ་ཡོད། འཆམ་ཚན་ཡང་འཆམ་ཆུང་དང་འཆམ་ཆེན། ཞྭ་ནག་ཡང་ན་དམར་འཆམ་དང་འབག་འཆམ། བསྒྲལ་ཆོས། གཏོར་རྫོངས་བཅས་དང་འཆམ་ཆུང་ལ་ཡང་ནང་གསེས་ཀྱི་འཆམ་ཚན་མི་འདྲ་བ་བཅུ་གཉིས་བཅས་ཡོད། གཞན་ཡང་ཆོ་འཕྲུལ་སྨོན་ལམ་ཆེན་མོ་མཇུག་གྲོལ་བའི་ཉིན་ཏེ་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་བྱམས་པ་གླིང་སྐོར་ཕེབས་རྗེས་མཁའ་འགྲོ་སྡེ་ལྔ་དང་བླ་མ་དྲང་སྲོང་། འབྲོང་དང་སེང་གེ གླང་ཆེན་དང་སྟག་སོགས་འཁྲབ་སྲོལ་ཡོད། མང་ཚོགས་ཀྱི་བྲོ་ལ་བྲོ་ཤགས་ཟེར་བ་དང་འཛོམས་བྲོ་དང་འགྲོ་བྲོ་བཅས་རིགས་དུ་མ་འཁྲབ་རྒྱུའི་སྲོལ་དར། གཅིག་བྲོ་དང་གཉིས་བྲོ། ཕྱི་བྲོ་དང་རྡོག་ཐིག་སོགས་རྐང་པའི་སྟངས་སྟབས་དང་ལུས་ཀྱི་སྒེག་ཉམས་དུ་མའི་སྒོ་ནས་བྲོ་ཚིག་གྱེར། བཀྲ་ཤིས་ཁྲིད་པའི་བྲོ་དང་སྨོན་ལམ་བཏབ་པའི་བྲོ། ད་དུང་ཆོས་བྲོ་ཟེར་བ་ཞིག་ཡོད་ལ་དེ་ནི་མི་ཉག་སྒུར་བྲོ་དང་མི་འདྲ་བར་ཡན་ལག་གི་ལྡེམ་འཁྱུག་མྱུར་ཞིང་།བྲོ་ཚིག་གི་ནང་དོན་ཡང་ཆོས་དང་འབྲེལ་ཞིང་འདི་ཕྱི་ལེགས་ཚོགས་འགྲིག་པའི་རྟེན་འབྲེལ་ཁྱད་པར་ཅན་ཡོད། ཕྱིས་སུ་གཞན་ནས་དར་བའི་འབའ་བྲོ་དང་དགེ་རྟག་ཆོས་བྲོ་ཟེར་བ་རྩ་བ་དཀར་མཛེས་ནས་ཚུགས་ཀྱང་རྩེ་མོ་མགར་ཐར་དུ་རྒྱས་ཤིང་དཀར་མཛེས་ཕྱོགས་སུ་དགེ་རྟག་གཞས་ཚིག་ཀྱང་ཆ་མ་ཚང་བ་ལ་འདི་ནས་ཁ་སྐོང་བྱས་པ་ལྟ་བུ་ཡོད་དོ། །གླུ་ལ་ཡང་རོགས་གླུ་དང་ལ་གླུ། གླུ་ཤགས་དང་གཞས་མོ་འདེབས་པའི་གླུ། བཞོ་གླུ་དང་། རྫི་གླུ་དང་སྟོན་བཅད་པའི་གླུ། གཡུལ་གཅོག་པའི་གླུ། གྱང་གླུ། ལྷག་ཏུ་མ་ཎི་མགུར་དབྱངས་དང་བཛྲ་གུ་རུའི་རྒྱང་འབོད་བཅས་དབྱངས་སུ་གྱེར་ནས་ལེན་སྲོལ་བཟང་པོ་དེས་དཀའ་ཁག་ལ་འཕྲད་སྐབས་སེམས་ཤུགས་མི་ཉམས་པའི་སླད་དུ་མུན་པ་ལ་ཉི་ཟེར་ཕོག་པ་ལྟར་ནུས་པ་ཆེན་པོ་འདོན་པ་ནི་སྨོས་མ་དགོས། སྤྱིར་མི་ཉག་གི་ཡུལ་གྲུ་འདི་ནི་ཡུལ་ཕྱོགས་གཞན་ལས་ཀྱང་གཉེན་སྒྲིག་སྟོན་མོའི་མཛད་སྒོ་གྲ་རྒྱས་ཞིབ་ཚགས་དང་། སྒྱུ་རྩལ་གྱི་ནང་དོན་གཏིང་ཟབ་ཡོད་ས་ཞིག་ཡིན་ལ་བྱེ་བྲག་མགར་ཐར་ལ་ཡང་དེ་བཞིན་ཡོད། སྟོན་བཤད་ལ་རིགས་འདྲ་མིན་ཡོད་དེ། བག་གོས་བཤམས་སྐབས་སུ་ཨ་ཞང་ཁ་ཅིག་གིས་བག་གོས་ལེབ་མ་བཅུ་གསུམ་ལ་བཤད་པ། ཆང་བསྟོད་དང་དར་བསྟོད། ཐུད་བསྟོད། སྲིད་པ་ཆགས་ཚུལ་དང་གདོང་གཡང་ཁྱིམ་ཚང་གི་ཆེ་བ་འདོན་པའི་བཤད་པ། ཡུལ་ལུང་པའི་ཆེ་བརྗོད། གཡང་སྐྱབས་བླ་མའི་ཆེ་བརྗོད། ཐབ་ཀ་གྲུ་བཞི་ལ་བསྟོད་པ། ལམ་དུ་བཞུགས་དུས་དགོན་པ་དང་ལྷ་ཁང་ལ་འཕྲད་ན་དེ་ལ་སྐབས་བབ་ཀྱི་བསྟོད་པ། ཆུ་བསྟོད། ཟམ་བསྟོད། གཉེན་ཚང་དུ་ཐོན་སྐབས་རྟ་གོང་ནས་རྟ་བབ་བཤད་པ། རྟ་སྒ་སྲབ་ལྕག་ཚན་དང་བཅས་པར་ཆེ་བརྗོད། མཇུག་ཁ་གཡང་དང་སྨོན་ཚིག་སྣ་ཚོགས་བརྗོད་པ་དང་། ཚ་བོ་རུ་ཡོང་བ་ཁ་མཁས་དག་གིས་དེ་དག་རེ་རེ་ལ་དཔག་པའི་ལན་དུ་གཏམ་གྱི་སྒྱུ་རྩལ་འཛོམས་པའི་སླར་ཟློ་ཞུ་བ་བཅས་ཀྱི་ལུགས་སྲོལ་ཡོད། །  

ལང་ཚོ། ཧུའུ་ཞིང་མིང་གིས་པར་བླངས།

གཞས་ར་ཁྲ་མོ། ཧུའུ་ཞིང་མིང་གིས་པར་བླངས།

ལང་ཚོའི་གར་སྟབས། ཧུའུ་ཞིང་མིང་གིས་པར་བླངས། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1