འཆི་མེད་དགའ་ཚལ་དང་མཚུངས་ཡུལ་ལྗོངས་དེས། ། ཁྱེད་ཀྱི་ཡིད་སེམས་དབང་མེད་འདྲེན་པར་ངེས། །

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 07-31


དཔལ་སྨད་གསེག་མའི་གླིང་ག

        མི་ཉག་ཤར་སྟོད་བཞག་བྲ་དཀར་པོ་ཞེས་ཡོངས་སུ་གྲགས་པའི་གངས་རི་འདི་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་བྱང་མཚམས་ཀྱི་དཀར་མཛེས་ཁུལ་རྟའུ་རྫོང་མགར་ཐར་ཡུལ་ཤོག་གི་ས་ཁོངས་སུ་གནས་ཡོད་ལ་མཚོ་ངོས་ལས་མཐོ་ཚད་སྨི་5820ཡོད་ཅིང་། གངས་རི་ཆེན་པོའི་རི་རྒྱུད་ཀྱི་རི་རྩེ་ཨང་གཉིས་པ་ཡིན། ཤར་སྨད་འབོ་གངས་དཀར་དང་ཕན་ཚུན་ཞལ་གཟིགས་གནང་བ་ཇི་བཞིན་གནས་ཡོད། དེ་ཡང་མགར་ཐར་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་ངག་རྒྱུན་དུ་འདི་ལྟར་མཆིས་ཏེ། བཞག་བྲ་ལྷ་རྩེའི་གནས་བདག་ནི་སྲིད་པའི་ལྷ་ཆེན་རྨ་རྒྱལ་སྦོམ་ར་ལ་སྲས་གཉིས་ཡོད་པའི་ཆེ་བ་གཉན་ཆེན་ཐང་ལྷ་དང་ཆུང་བ་བཞག་བྲ་འདི་ཉིད་ཡིན་པར་གྲགས། ཉིན་གཅིག་རྒྱ་ནག་རི་བོ་རྩེ་ལྔར་ཤོ་འཕེན་དུ་ཕྱིན་ཏེ་ཡར་ཡོང་སྐབས་འདི་ནས་བཞུགས་པར་བསྐུལ་བ་ན། རྨ་རྒྱལ་སྦོམ་རས་ངའི་བུ་འདི་ས་འདི་རུ་བཞག་ན་བྲའམ་མི་བྲ་ཞེས་གསུངས་འབྱོན་པས་གནས་བདག་གི་མིང་ལ་བཞག་བྲ་(བཞག་བྲག་ཡང་ཟེར།)ལྷ་རྩེ་ཞེས་ཐོགས་པ་དང་། གངས་རི་འདིའི་རྒྱུད་དུ། མགར་ཁོག་དང་མགར་ལུང་། མགར་བ་མཚོ་དང་མགར་བ་ལ་བཙས། ཕྱིས་སུ་མགར་སྟོང་བཙན་རྒྱ་ཡུལ་ནས་བྲོས་ཏེ་འདིར་ཐོན་སྐབས་རྗེས་འདེད་རྣམས་འཁྲུལ་ཕྱིར་ཐོ་ཡོར་བཙུགས་པ་བཅས་མགར་དང་འབྲེལ་བའི་ས་མིང་ཆུ་མིང་མང་པོ་ཡོད། གཞན་ཡང་བཞག་བྲའི་རི་རྒྱུད་ལ་སངས་རྒྱས་སྟོང་སྐུ་ཞེས་པའི་རི་བོ་ངོ་མཚར་ལྟ་ན་སྡུག་པ་ཞིག་ཡོད་ལ་རི་དེའི་རྩར་སྔ་མོ་རྒྱ་བོད་བར་ཚོང་འགྲུལ་དུ་འགྲོ་བའི་བདལ་པ་དག་གིས་ཚ་ཕོགས་བརྒྱབ་ས་ཡིན་པ་དང་དེ་ནས་རི་དྭགས་གཏན་ནས་རྔོན་མི་སྲིད་ཅིང་གནས་རི་ཁྱད་པར་བ་ཞིག་ཏུ་ངོས་འཛིན་ཅིང་ཡུལ་སྡེ་འདིས་སྲུང་སྐྱོབ་ནན་ཏན་བྱེད། བཞག་བྲ་ལྷ་རྩེའི་སྟོད་ན་དུས་བཞིར་རང་མདངས་མ་ཡལ་བའི་ཤེལ་དཀར་རྡུལ་གྱི་ཕུང་པོ་དང་། བར་ན་བྲག་དང་རྫ་ཡི་གླེགས་བུ་དགུང་དུ་བརྩེགས་པ། འདབས་ན་བཞག་བྲ་གཡུ་མཚོ་སོགས་མཚོ་དང་མཚེའུ་རང་བྱུང་ཚ་ཆུ་དང་ལྷུང་ལྷུང་དལ་གྱིས་འབབ་པའི་ཆུ་ཕྲན་སྣ་ཚོགས་ཀྱི་ཡོན་ཆབ་གཙང་མའི་མཆོད་པ་རྒྱུན་དུ་བསྟར་བ། ཚེས་བཟང་སྐར་བཟང་ལ་ཞོགས་པར་ནམ་མཁའ་སྔོ་སིང་ངེར་ཡོད་ནའང་བཞག་བྲའི་རྩེ་ནས་སྨུག་སྤྲིན་དུ་བ་དར་དཀར་འཁྱུག་པ་ལྟར་དགུང་དུ་འགྲོ་བས་མི་རྣམས་ཀྱིས་བཞག་བྲས་བསང་ཕུད་པ་རེད་ཅེས་བཤད་སྲོལ་ཡོད། རྩི་ཤིང་ནགས་ཚལ་དང་འབྱུང་བཞི་གསོ་བྱེད་ཀྱི་སྨན་སྣ་དང་རིན་ཆེན་སྣ་ཚོགས་ཀྱི་གཏེར་ཁ། རྩ་ཆེན་རི་དྭགས་སོགས་ཀྱིས་མཛེས་པར་བྱས་པས་མཐོ་རིས་དགའ་ཚལ་གྱི་སྙན་པ་འཕྲོག་པའི་སྣོད་བཅུད་ཀྱི་ཡོན་ཏན་བརྗོད་ཀྱིས་མི་ལངས་པ་ཞིག་ཡོད་ལ་ལྗོངས་རྒྱུ་བ་རྣམས་ཀྱིས་མི་ཡུལ་གྱི་དག་ཞིང་ངམ་ཤམ་བྷ་ལ་རུ་འབོད་པའང་ལན་གྲངས་ཉུང་ཉུང་མིན། རྒྱལ་མཆོག་སྐུ་ཕྲེང་བཅུ་གཅིག་པ་ཡུལ་ལྷ་བཀྲ་ཤིས་རྫོང་རྒོད་རི་རྒྱུད་དུ་རང་བྱུང་ཚ་ཆུ་སྣ་ཚོགས་པ་ཞིག་དང་སྨན་ཆུ་དང་མར་ཁུ་ཆུ་མིག དམ་པ་རང་གྲོལ་གྱི་དྲི་ཆུ་སོགས་ནད་རིགས་ཀུན་འཇོམས་ཀྱི་ཆུ་མང་པོ་ཡོད། གཞན་ཡང་ཡུལ་སྐོར་ལྗོངས་རྒྱུའི་ལྟེ་གནས་སུ་གྱུར་པ་མགར་ཐར་བྱམས་པ་གླིང་དང་འཛམ་གླིང་གི་ས་གཤིས་ངོ་མཚར་ཅན་དུ་འབོད་པའི་མཁར་དམར་གསེག་མའི་རི་ཚོམ། གླིང་གི་དཔའ་ཐུལ་རྣམས་ཀྱི་རྟོགས་བརྗོད་དང་སེང་ལྕམ་འབྲུག་མོའི་མཚེར་ཤུལ། འབྲུག་མོའི་སྐྲ་བཀྲུ་ས་རུ་གྲགས་པའི་མཚེའུ་ངོ་མཚར་བ་བཅས་ཡོད་པའི་ནག་བྲིམ་གེ་སར་རྩྭ་ཐང་སོགས་ཡུལ་ལྗོངས་ཀྱི་བཀོད་པ་སུམ་རྩེན་ལ་འགྲན་པར་བཟོད་པ་ཡོད་དོ། །  

བཞག་བྲ་གཡུ་མཚོ།

མཇུག་བྱང་།
        བཀྲ་ཤིས་སྣོད་བཅུད་ཀྱི་རེ་ཁ་མངོན་མཐོར་བཞད་པའི་གནས་དེར་ལོ་རྒྱུས་ཀྱི་དལ་ཀླུང་རིང་མོ་དང་ལྷན་དུ་ཆེན་པོ་གང་དག་གིས་བློ་གྲོས་ཀྱི་འཇུག་པ་ས་ལེར་སྦྲམ་གྱི་འོད་དུ་སྤྲོ་ཞིང་། རྔུལ་ཆུའི་མཆོད་ཡོན་བདུད་རྩིར་ལྟེམ་མྱོང་བའི་ཞབས་རྗེས་ཕྱག་རྗེས་མངོན་པར་གསལ་བའི་མགར་ཐར་ཡུལ་གྱི་ལོ་རྒྱུས་དང་། ཡུལ་གོམས་གཤིས་ལུགས་ཀྱིས་བསྡུས་པའི་རིག་གཞུང་དང་། མཛེས་ལྗོངས་ངོ་སྤྲོད་ཚུལ་དུ་སྨྲས་པ་འདི་ནི་ཁ་བཏགས་དཀར་པོ་དུས་དེབ་རྩོམ་སྒྲིག་ཁང་གིས་བདག་ཅག་ལ་གཟིགས་བཟོས་མཐོང་ཆེན་བྱས་ནས་འདི་ལྟ་བུའི་ངོ་སྤྲོད་ཅིག་འབྲི་བར་བསྐུལ་ཞིང་དེབ་ཐོག་ཏུ་བཀོད་པ་ལ་མགར་ཐར་བའི་སས་བསྡུས་ཀུན་གྱི་ཚབ་ཏུ་བཀའ་དྲིན་ཆེ་ཞེས་ཡང་བསྐྱར་ལན་མང་དུ་སྨྲའོ། །ཡིན་ཡང་། རྨོངས་པའི་བྲན་དུ་སོང་བ་བདག་གིས་འདི་ལས་རྒྱུས་མེད་ཁུངས་འཛོལ་དང་། ཁ་གསལ་གཏིང་ཟབ་མེད་པ། དོན་འཁྲུལ་ཚིག་ཉོག་ཡོད་ཤག་ཡིན་པས་དེ་ལུགས་ཀྱིས་བཟོད་གསོལ་འཐོལ་བཤགས་དང་དགོངས་ཡངས་བཞེས་པར་གསོལ་ཞིང་མཐར་བརྟན་གཡོ་ཀུན་ལ་བཀྲ་ཤིས་ལུགས་ལེགས་ཡོང་བའི་སྨོན་ལམ་འདེབས་སོ། །  

བཞག་བྲའི་མཛེས་ལྗོངས། ཧུའུ་ཞིང་མིང་གིས་པར་བླངས། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1