ནང་ཆེན་རྒྱལ་སྤྱིའི་རང་བྱུང་ལྟ་ཞིབ་དུས་ཆེན་སྐབས་མཐོང་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྣ་ཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 07-31


        མཇུག་བསྒྲིལ་མ་ཐག་པའི་2017ལོའི་ནང་ཆེན་རྒྱལ་སྤྱིའི་རང་བྱུང་ལྟ་ཞིབ་དུས་ཆེན་ཐོག  ཀྲུང་གོ་དང་། ཨ་རི། དབྱིན་ཇི། ཧྥ་རན་སེ་སོགས་རྒྱལ་ཁབ་ནས་ཕེབས་པའི་འགྲན་ཞུགས་རུ་ཁག་བཅུ་བདུན་གྱིས་ཁྱོན་བསྡོམས་གཅན་གཟན་གྱི་རིགས་15དང་། འདབ་ཆགས་ཀྱི་རིགས་93 སྐྱེ་དངོས་ཀྱི་རིགས་222བཅས་ཟིན་ཐོ་བཀོད་པ་རེད། ནང་ཆེན་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་གཏོགས་ལ། དེའི་ས་བབ་ནི་མཚོ་བོད་མཐོ་སྒང་གི་ཤར་རྒྱུད་དང་མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་ཡོད་ཅིང་། ཁོངས་གཏོགས་སུ་རི་བོ་མཐོ་དམའ་འཕྲེད་གཞུང་སྣོལ་མར་གནས་ཡོད་ལ། རི་ཐོག་རི་བརྩེགས་ལྟར་ཆགས་ཡོད་པ་རེད།
        ཤེས་རྟོགས་བྱུང་གསལ་དུ། ནང་ཆེན་རྒྱལ་སྤྱིའི་རང་བྱུང་ལྟ་ཞིབ་དུས་ཆེན་ནི་ནང་ཆེན་རྫོང་མི་དམངས་སྲིད་གཞུང་དང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས། པེ་ཅིང་སློབ་ཆེན་རང་བྱུང་སྲུང་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་བཅས་ཀྱིས་མཉམ་འབྲེལ་ཐོག་སྤེལ་བ་ཞིག་ཡིན་ལ། དེའི་དམིགས་ཡུལ་ནི་རང་བྱུང་ཐོན་ཁུངས་མ་རྩ་རུ་འགྱུར་བར་རྟོག་ཞིབ་བྱ་རྒྱུ་མ་ཟད། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་གཙང་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་ལ་ཞུགས་རྒྱུའང་རེད།
        2017ལོའི་ནང་ཆེན་རྒྱལ་སྤྱིའི་རང་བྱུང་ལྟ་ཞིབ་དུས་ཆེན་ནི་ཟླ་7ཚེས་19ཉིན་ནས་ཚེས་24ཉིན་བར་སྤེལ་བ་ཡིན་ལ། ལྟ་ཞིབ་ཏུ་ཞུགས་པའི་ཚོགས་པ་རྣམས་འབྲོག་པ་སྣེ་ཤན་པའི་སྣེ་ཁྲིད་འོག་གཏན་འཁེལ་བྱས་པའི་ཁྱབ་ཁོངས་སུ་རང་བྱུང་ཁམས་ལ་ལྟ་ཞིབ་བྱེད་སྒོ་སྤེལ་ཞིང་། འགྲན་བསྡུར་ལ་ཞུགས་པའི་ཚོགས་པས་འབྲོག་པ་སྣེ་ཤན་པ་དང་ཕན་ཚུན་གཞོགས་འདེགས་བྱས་ནས་རང་བྱུང་ཁམས་ལ་ལྟ་ཞིབ་བྱེད་པའི་རིང་དུ་གཅན་གཟན་དང་། འདབ་ཆགས། སྐྱེ་དངོས་བཅས་ཀྱི་བརྙན་རིས་དང་། གནས་ཡུལ་ས་ཆ། མིང་བཅས་འཚོལ་བསྡུ་བྱས་རྗེས། གཞུང་ཕྱོགས་ཀྱིས་ཉོ་སྒྲུབ་ཞབས་ཞུ་བྱེད་པའི་ཐོག་ནས་སྣེ་ཤན་པར་འགྲོ་གྲོན་སྤྲོད་པ་རེད།

        ནང་ཆེན་ནི་མཚོ་བོད་མཐོ་སྒང་ནས་འཕྲེད་རྒྱུག་རི་བོར་བརྒལ་བའི་ས་རྒྱུད་ཡིན་པས། གནས་འདིའི་སྐྱེ་ཁམས་གནས་ཡུལ་དམིགས་བསལ་ཡིན་ལ། དེ་རུ་གཟིག་ཁྲ་ཐིག་ཅན་དང་གསའ། འཕར་བ་སོགས་དཀོན་ཞིང་རྩ་ཆེ་བའི་སྲོག་ཆགས་ཡོད་པ་མ་ཟད། འཇོལ་མོ་སོགས་འདབ་ཆགས་ཀྱིས་ཀྱང་ས་ཁུལ་དེ་ཉིད་རྒྱལ་སྤྱིའི་འདབ་ཆགས་གཟིགས་སྐོར་མཛེས་ལྗོངས་ཁུལ་དུ་འགྱུར་བར་བྱེད་སྲིད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1