ཁྲོ་ཆུ། དབུལ་བྲལ་འབྱོར་འབྲིང་གི་ལམ་དུ་བསྐྱོད་པའི་རུ་སྡེ་ཆེན་མོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-31


        ཁྲོ་ཆུ་རྫོང་གི་ཁོ་ར་ཁོར་ཡུག་ཏུ། ལས་ལ་བྲེལ་བའི་གོམ་སྟབས་མྱུར་ཞག་ལྡན་པ་ཞིག་རེད། ཁྲོ་ཆུ་རྫོང་གིས་དབུལ་བྲལ་གནད་སྒྲོལ་གྱི་དབྱར་གཞུང་འབད་བརྩོན་ཞེས་པའི་དུང་བརྡ་ཡོངས་སུ་བསྒྲགས་བྱུང་། རྫོང་ཡོངས་ཀྱིས་ལུང་ཆེན་རྣམ་དྲུག་རྒྱ་ཆེར་བསྐྱེད། འབྲེལ་བ་རྣམ་བདུན་གསལ་བོར་འབྱེད། སྐོར་ཁག་རྣམ་བརྒྱད་ལག་ཏུ་བསྟར་ཞེས་པའི་དབུལ་བྲལ་གནད་སྒྲོལ་གྱི་རིག་ལམ་ལ་བརྟེན་ནས། ལུང་ཆེན་རྣམ་དྲུག་གི་དཔལ་འབྱོར་འཆར་གཞི་དང་གཙོ་འདྲེན་ཐོན་ལས་རྣམ་དྲུག་གིས་སྐུལ་སྤེལ་འོག དབུལ་བྲལ་ཕྱུག་སྒྱུར་དང་འབྱོར་འབྲིང་དུ་བསྐྱོད་པའི་གོམ་སྟབས་ཇེ་མགྱོགས་སུ་སྒྱུར་བཞིན་གདའ།

ཐོན་ལས་སྣེ་ཁྲིད་ཀྱིས་དབུལ་རྣམ་བརྟོལ།

        ད་ལོར། ཁྲོ་ཆུ་རྫོང་གིས་ཕྱོགས་སྡུད་ནོར་སྲིད་ཞིང་གྲོང་མ་དངུལ་ལ་སྒོར་ཁྲི་18005.74བཏང་ནས། སྒྲིག་གཞི་ལེགས་སྒྲིག་དང་རྣམ་པ་ལེགས་སྒྱུར་ཇེ་ཆེར་བཏང་། དབུལ་བྲལ་འགན་ལེན་གྲོང་སྡེ་41ལ་སྒོར་ཁྲི་4207.31གཏོང་རྩིས་ཡོད། སྐྱེ་ཁམས་སྔོ་ཚལ་མུའུ་2962འདེབས་པ། སྒོ་ཕྱུགས་མང་དུ་གསོ་བ། ཀྲུང་ལུགས་སྨན་རྫས་མུའུ་3660འདེབས་པ་དང་སྦྲགས། སྐྱེ་ཁམས་ཞིང་ལས་དཔེ་སྟོན་གླིང་14ལེགས་སྒྱུར། རོང་འབྲོག་དམངས་ཀྱི་ཆེད་གཉེར་མཉམ་ལས་ཁང་གསར་བ་6དང་ཁྱིམ་ཚང་ཞིང་ར་2གསར་དུ་བསྐྲུན་རྒྱུ་ཡིན་ལ། ཞིང་ལས་ཐོན་ལས་ནི་རྫོང་དེའི་དབུལ་བྲལ་གནད་སྒྲོལ་གྱི་སྟོབས་ཤུགས་གཙོ་བོ་ཡིན་ལ། མང་ཚོགས་ཕྱུག་སྒྱུར་དང་འབྱོར་འབྲིང་དུ་བསྐྱོད་པའི་འདེགས་ཤིང་བརྟན་པོ་ཞིག་ཀྱང་ཡིན།

ལྗོངས་སྐོར་དབུལ་སྐྱོར་གྱིས་ལམ་གསར་བཏོད།

            ད་ལོར། རྫོང་དེས་ལྗོངས་སྐོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ནུས་ཤུགས་ཆེན་པོ་ཕུད་དེ། སྐར་རིམ་ཡུལ་སྡེའི་མགྲོན་ཁང་ཆེན་མོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། རྫོང་ཁོངས་སུ་ཞིང་ཆེན་རིམ་པའི་ལྗོངས་སྐོར་དབུལ་སྐྱོར་དཔེ་སྟོན་གྲོང་སྡེ་3ཡོད་པར་རེམས་ནས་དབུལ་ཁྱིམ་དག་དབུལ་བྲལ་ཡོང་འཕར་ལ་སྣེ་ཁྲིད་བྱེད་བཞིན་གདའ།

ཡུལ་གཞན་གནས་སྤོར་གྱིས་དབུལ་ཚང་སྤྱུགས།

        མང་ཚོགས་ཀྱིས་རང་སྐྲུན་དང་སྲིད་གཞུང་གིས་ཁ་གསབ་ཐབས་ལམ་ལྟར། ཁྲོ་ཆུ་རྫོང་གིས་ཡུལ་གཞན་གནས་སྤོར་ལས་ཀ་ལེགས་པོར་བསྒྲུབས་ནས། མང་ཚོགས་རྣམས་བདེ་ཞིང་སྐྱིད་པའི་གཞིས་ཁང་དུ་འདུག་ཐུབ་པ་འགན་བླངས། ད་ལོར། རྫོང་དེས་ཁྱིམ་ཚང་315ལ་བོད་ཁུལ་གྱི་གཞིས་ཁང་གསར་བ་བསྐྲུན་པའི་འཆར་གཞི་འཐེན་ཡོད། མིག་སྔར་ཁྱིམ་ཚང་270ཡི་གཞིས་ཁང་བསྐྲུན་ཚར་ཡོད། ཁྱིམ་ཚང་45ཡི་གཞིས་ཁང་གསར་བ་སྐྲུན་བཞིན་པའི་སྒང་ཡིན། འཆར་གཞི་ལྟར་ན་ཁྱིམ་ཚང་90ཡུལ་གཞན་དུ་གནས་སྤོར་རྒྱུ་ཡིན་ལ། ད་སྔ་ཁྱིམ་ཚང་83གནས་སྤར་ཟིན། ཡུལ་གཞན་གནས་སྤོར་ལ་བརྟེན་ནས་དབུལ་ཚང་རྒྱང་དུ་སྤྱུགས་ཤིང་། གཞིས་ཁང་གསར་བར་བསྡད་ནས་མང་ཚོགས་རྣམས་ལ་དབུལ་བྲལ་ཕྱུག་སྒྱུར་ལ་ཡིད་ཆེས་ཟབ་མོ་ཡོད།

སློབ་གསོ་དམངས་ཕན་གྱིས་དབུལ་ཕོངས་རྩ་བ་བལ།

        ད་ལོར། ཁྲོ་ཆུ་རྫོང་གིས་སྔོན་འགྲོའི་སློབ་གསོའི་གཅིག་འཕྲི་གཅིག་རོགས་དང་འོས་བབ་སློབ་གསོའི་གསུམ་ཆག་གཅིག་གསབ། མཐོ་འབྲིང་སློབ་གསོའི་གཉིས་འཕྲི་གཅིག་རོགས་སོགས་ཀྱི་གསབ་དངུལ་སྒོར་ཁྲི་1018.72སྟེར་བ་དང་། འོས་བབ་སློབ་གསོའི་སྐབས་ཀྱི་སློབ་མ་4779ཡི་སློབ་ཡོན་རྩག་རྩིག་སྒོར་ཁྲི་321.5མ་བླངས་ཤིང་། དཔལ་འབྱོར་ཆ་རྐྱེན་ཞན་པའི་ཞག་སྡོད་སློབ་མ་3664ལ་འཚོ་བའི་གསབ་དངུལ་སྒོར་ཁྲི་319.2སྦྱིན། མཐོ་འབྲིང་དཀྱུས་མའི་ཁྱིམ་ཚང་གི་དཔལ་འབྱོར་ཞན་པའི་སློབ་མ་435ལ་འཚོ་བའི་གསབ་དངུལ་དང་སློབ་རོགས་གསབ་དངུལ་སྒོར་ཁྲི་32.84སྦྱིན། དངོས་གཞི་དང་ཆེད་སྦྱོང་གི་སློབ་མ43ལ་སྒོར་ཁྲི་7.45ཡིས་རོགས་སྐྱོར་བྱས་ཡོད།

རང་སྟོབས་རང་སྤེལ་གྱིས་དབུལ་གནད་བསལ།
        སྡོམ་རྩིས་ལྟར་ན། ཁྲོ་ཆུ་རྫོང་ལ་ཞིང་གྲོང་གི་མི་གྲངས་ཁྲི་5.2ཡོད་ལ། དེའི་ཁྲོད་ཕྱི་རོལ་དུ་ལས་གླ་དང་ཚོང་གཉེར་བྱེད་མཁན་1.8ཡོད། རྫོང་དེས་ལོ་རེར་གསོ་སྦྱོང་གྲོན་དངུལ་སྒོར་ཁྲི་80བཏང་ནས། རྔ་བའི་དགེ་འོས་སློབ་གླིང་དང་རྔ་བའི་འབྲིང་རིམ་ཆེད་ལས་སློབ་གྲྭ་སོགས་གདན་འདྲེན་པ་དང་གཞི་རིམ་དུ་གསོ་སྦྱོང་གི་ཐབས་ལམ་སྤྱད་ནས། རྐོ་འཕྲུལ་ཞིག་གསོ་དང་མགྲོན་ཁང་དོ་དམ་སོགས་ཀྱི་གསོ་སྦྱོང་སྤེལ་ནས་ལས་གླ་བའི་ལག་རྩལ་ཇེ་བཟང་དུ་བཏང་བར་མ་ཟད། བསྡུ་ལེན་ཚོགས་འདུ་སྣ་ཚོགས་འཚོགས་ཏེ་ལས་ཞུགས་ལས་རྐང་འདོན་སྤྲོད་བྱས་ཏེ། མི་གཅིག་ལས་ཞུགས་ཐུབ་ན་བཟའ་མི་ཚང་མ་དབུལ་ཕོངས་ལས་ཐར་བ་ཕལ་ཆེར་གྲུབ་ཡོད།
མཇུག་གཏམ། 
        དབུལ་བྲལ་གནད་སྒྲོལ་ལས་ཞན་ཆ་རྣམ་ལྔ་གསབ་པ་ནི་དངོས་པོ་ཁོ་ན་ཙམ་མིན་ལ། བསམ་བློའི་དགོས་མཁོ་སྐོང་ཐབས་ཤིག་ཀྱང་ཡིན། ཞན་ཆ་ཚང་མ་གསབ་ཐུབ་ན།  ད་གཟོད་དམངས་སེམས་གཅིག་ཏུ་བསྒྲིལ་ཐུབ་ལ། དབུལ་བྲལ་ཕྱུག་སྒྱུར་དང་འབྱོར་འབྲིང་གི་ལམ་དུ་གོམ་སྟབས་ཆེན་པོས་བསྐྱོད་པ་ལའང་རེ་བའི་འོད་ཀྱིས་ཁྱབ་ཡོད། །
(རྔ་བའི་ཉིན་རེའི་གསར་འགྱུར་ཁང་གི་གསར་འགོད་ཚན་ཆུང་གིས།)



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1