​དར་མདོ་གྲོང་ཁྱེར་གྱིས་ཆུ་ལམ་གྱི་གད་སྙིགས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།དབྱངས་ཅན་གྱིས་བསྒྱུར། སྤེལ་དུས། 08-03



        དར་མདོ་གྲོང་ཁྱེར་གྱིས་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་ཀ་སྔར་བས་ཡག་པོ་བསྒྲུབ་པ་དང་། ཆུ་ལམ་འགྲམ་རྒྱུད་བཙོག་ཟིང་ཞན་གསུམ་གྱི་གནས་ཚུལ་མཐའ་གཅིག་ཏུ་ཚོད་འཛིན་བྱེད་ཆེད། དར་མདོ་གྲོང་ཁྱེར་ཆུ་དོན་ཅུས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་ཁོངས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལས་ཀ་ཡག་པོ་བསྒྲུབས་ནས། མིག་སྔའི་བར་དུ་མི་སྣ་300ལྷག་སྒྲིག་འཛུགས་བྱས་ཏེ་གྲོང་ཁྱེར་དེའི་གྲོང་ཁུལ་གྱི་དར་མདོ་སློབ་འབྲིང་ནས་རྒྱ་ཡུལ་ལྟག་སྒོའི་གྲོང་ཞུགས་ལམ་ཆེན་བར་གཞུང་ལམ་སྤྱི་ལེ་5ཙམ་གྱི་ཆུ་ལམ་ཁོར་ཡུག་ལ་གཞི་ཁྱོན་ལྡན་པའི་གད་སྙིགས་གཅིག་བསྡུས་བདག་སྐྱོང་བྱས་པ་དང་། ཆུ་ཁོངས་ཀྱི་གད་སྙིགས་གཙང་སེལ་དང་ས་འོག་སྦས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཆུ་འགྲམ་གྱི་གད་སྙིགས་ཏུན་200ལྷག་གཙང་སེལ་བྱས་ཏེ་རྒྱུ་ལའི་ཆུ་འགྲམ་ཁོར་ཡུག་མཛེས་འགྱུར་ཡོང་བའི་དམིགས་ཡུལ་གྲུབ་པ་རེད།
        དུས་མཚུངས་སུ་རྒྱ་ཆེ་བའི་གྲོང་མི་དང་ཆུ་ལམ་འགྲམ་ཟུར་གྱི་ཁེ་ལས་དང་དོན་ལས་སྡེ་ཚན་ལ་འབོད་སྐུལ་གཏང་རྒྱུར། ཆུ་ཁོངས་ཁོར་ཡུག་ཕྱོགས་བསྡུས་བདག་སྐྱོང་བྱེད་པའི་ལས་ཀ་ནི་ཡུན་རིང་རྒྱུན་འཁྱོངས་བྱ་དགོས་པའི་ལས་ཀ་ཞིག་ཡིན། ཆུ་ཁོངས་ཁོར་ཡུག་གཙང་མ་ཡོང་ཆེད་རྒྱ་ཆེ་བའི་གྲོང་མི་ཚོ་ཁོར་ཡུག་གཙང་སེལ་གྱི་ལས་ཀའི་ནང་ཞུགས་གང་ཐུབ་དང་ལས་ཀ་དེར་བརྩི་སྲུང་བྱ་དགོས་པར་མ་ཟད། ཐུན་མོང་དུ་ཆུའི་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱས་ནས་ཁོར་ཡུག་སྲུང་སྐྱོང་གི་གོམས་སྲོལ་བཟང་པོ་ཆགས་ཐུབ་པ་དང་། ཆུ་འགྲམ་དུ་བེད་མེད་དངོས་པོ་དང་གད་སྙིགས་གང་མོས་དབྱུག་པའི་གནས་ཚུལ་གཏན་འགོག་བྱས་ནས། ཁོར་ཡུག་སྲུང་སྐྱོང་གི་ལས་ཀ་དེ་མི་ཚང་མར་འགན་འཁྲི་ཡོད་པའི་རྣམ་པ་བཟང་པོ་བསྐྲུན་དགོས་པ་རེད།།     


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1