སེར་ཤུལ་རྫོང་དུ་མིང་རྒྱལ་རབས་ཀྱི་ལྡེབས་རིས་དང་སྐུ་འདྲ་རྙེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-08


        ཟླ་8ཚེས་1ཉིན་ནས་ཚེས་2ཉིན་བར་ཀྲུང་གོའི་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་མཛོད་ཁང་བོད་བརྒྱུད་ནང་བསྟན་རིག་གནས་ཞིབ་འཇུག་ཁང་གི་འགོ་འཛིན་དང་ཞིབ་འཇུག་པ་ལུའོ་ཝུན་ཧྭ་ཡིས་སྣེ་ཁྲིད་པའི་ཚོགས་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་བཙན་མདའ་ཤང་འབའ་དྷ་གྲོང་ཚོར་ཡོད་པའི་འབར་དྷ་དགོན་ནང་གི་ཡུན་རིང་ཕྱིར་སྒོ་བརྒྱབ་པའི་གསོལ་ཁ་ཁང་དུ་གཅེས་ཚགས་ཆ་ཚང་བྱས་པའི་མིང་རྒྱལ་རབས་ཀྱི་ལྡེབས་རིས་དང་འཇིམ་སྐུ་མཐོང་ཞིང་། འདི་ནི་ད་ལྟའི་བར་དུ་ས་གནས་དེ་ག་ནས་གསར་དུ་མཐོང་བའི་བོད་བརྒྱུད་ནང་བསྟན་གྱི་རྗེས་ཤུལ་ཞིག་ཡིན་པ་རེད།

         འབར་དྷ་དགོན་གྱི་དགེ་འདུན་ཞིག་གིས་དགོན་པ་འདི་ནི་1269ལོར་བཞེངས་པ་ཡིན་པ་དང་། ཐོག་མར་ས་སྐྱ་པའི་གྲུབ་མཐའ་ཡིན་པ་དང་། དེ་ནས་1440ལོར་དགེ་ལུགས་པར་བསྒྱུར་པ་རེད། རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་གཏོར་བརླག་ཐེབས་རྗེས། རང་བྱུང་གི་ཆག་གྲུམ་བྱུང་བ་ལས་གཞན་གྱིས་གནོད་སྐྱོན་གང་ཡང་ཐེབས་མེད་ཅེས་བརྗོད་པ་རེད།

        ཉེ་བའི་ལོ་འགའི་རིང་ལ། དཀར་མཛེས་ས་ཁུལ་དུ་མིང་རྒྱལ་རབས་ཀྱི་ལྷ་ཁང་མཁར་རྫོང་ཡོད་པ་ཤེས་རྟོགས་བྱུང་ཡོད་མོད། ཡིན་ནའང་གཙོ་བོར་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་དང་རོང་བྲག་རྫོང་དུ་གཅིག་བསྡུས་ཡོད་པ་རེད། སེར་ཤུལ་དུ་ཡོད་པ་གསར་དུ་མཐོང་བ་དེ་ནི་དཀར་མཛེས་ཁུལ་གྱི་ཆེས་བྱང་ཕྱོགས་ནས་མཐོང་བའི་མིང་རྒྱལ་རབས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ལྡེབས་རིས་དང་སྐུ་འདྲ་ཁྱབ་ས་ཡིན་ལ། དེ་ཡང་སེར་ཤུལ་དུ་ཐེངས་དང་པོ་མཐོང་བའི་མིང་རྒྱལ་རབས་སྐབས་ཀྱི་བོད་བརྒྱུད་ནང་བསྟན་གྱི་ལྷ་ཁང་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། དེ་སྔོན་དཀར་མཛེས་ཁུལ་དུ་མཐོང་བའི་མིང་རྒྱལ་རབས་སྐབས་ཀྱི་བོད་བརྒྱུད་ནང་བསྟན་གྱི་རི་མོ་ནི་མཁར་རྫོང་ནང་དུ་མཐོང་བ་ལས། རྣམ་པར་དག་པའི་དགོན་པའི་བཟོ་བཀོད་དུ་མཐོང་བ་མིན་པ་དང་། ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་ཆོས་ལུགས་ནུས་པ་ཡང་ཁ་གསལ་མིན་པ་རེད། ལུའོ་ཝུན་ཧྭ་ཡིས"འབར་དྷ་དགོན་གྱི་གསོལ་ཁ་ཁང་ནི་དགོན་པ་གྲུབ་ཆ་གཅིག་ཡིན་པ་དང་། ཆོས་ལུགས་ཀྱི་དོན་སྙིང་དང་ལོ་རྒྱུས་རྒྱབ་ལྗོངས་ལ་ཁྱད་པར་ཆེན་པོ་ལྡན་པས། དེ་ལ་ཞིབ་འཇུག་རིན་ཐང་དེ་བས་ཆེན་པོ་ལྡན་པ་རེད།" བོད་ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགོན་པའི་ནང་དུ་མིང་རྒྱལ་རབས་ཀྱི་ལྡེབས་རིས་དང་སྐུ་འདྲ་དུས་གཅིག་ཏུ་ཉར་ཚགས་བྱས་པའི་གནས་ཚུལ་ཧ་ཅང་ཉུང་ཞིང་། ཁྱད་པར་དུ་སྐུ་འདྲ་ཆེན་པོ་ཡིན་པ་དང་། མང་ཆེ་བ་ནི་འཇིམ་བརྙན་སྐྱ་བོ་ཡིན་པའི་རྐྱེན་གྱིས་གཏོར་སྐྱོན་ཐེབས་སླ་བས། ད་ལྟའི་བར་དུ་ཉར་ཚགས་ཆ་ཚང་བ་བྱས་ཚུལ་ཧ་ཅང་དཀོན་པོ་རེད་ཅེས་བརྗོད་པ་རེད། 
     གསོལ་ཁང་ནང་དུ་ཉར་ཚགས་ཆ་ཚང་གནང་བའི་སྐུ་འདྲ་5ཡོད་པ་དཔེར་ན། ནོར་ལྷ་དང་། མགོན་པོ་ནག་པོ་ཞལ་བཞི་པ། མགོན་པོ་ནག་པོ་ཕྱག་དྲུག་པ། རྡོ་རྗེ་འཇིགས་བྱེད། དཔལ་ལྡན་ལྷ་མོ་སོགས་ཡིན་པ་དང་། ཁྱད་པར་དུ་རྡོ་རྗེ་འཇིགས་བྱེད་དང་དཔལ་ལྡན་ལྷ་མོ་ནི་མི་ཡི་གཟུགས་པོའི་རིང་ཚད་དང་མཚུངས་པས། དེ་ནི་དུས་རབས་16པའི་བོད་བརྒྱུད་ནང་བསྟན་གྱི་ཆེས་མཇལ་རྒྱུ་དཀོན་པའི་འཇིམ་སྐུ་ཕུལ་བྱུང་ཞིག་ཡིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1