ཕྱག་ཕྲེང་རྫོང་གིས་བོད་ཕག་གསོ་སྤེལ་བྱས་ནས་ཡོང་འབབ་འཕར་ཐབས་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-08


        ཉེ་ཆར། གསར་འགོད་པས་ཕྱག་ཕྲེང་རྫོང་ཞིང་འབྲོག་ཚན་རྩལ་ཅུས་ནས་ཤེས་རྟོགས་བྱུང་དོན། ད་ལོ་རྫོང་དེས་མ་དངུལ་སྒོར་ཁྲི་2000 བཏང་ནས་དཔེ་བཞག་ཤང་ཆུ་མདའ་གྲོང་ཚོར་བོད་ཕག་སྐྱེ་ཁམས་གསོ་སྤེལ་རྟེན་གཞི་བསྐྲུན་ནས་ཡུལ་དེའི་ཞིང་དུད་ཡོང་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས། 
        ཤེས་རྟོགས་བྱས་པར་གཞིགས་ན། བོད་ཕག་གི་སྐྱེ་ཁམས་གསོ་སྤེལ་རྟེན་གཞིའི་བགྲོད་ལམ་སྒྲིག་ཆས་བསྐྲུན་རྒྱུ་དང་ཕག་ཕྲུག  གཟན་ཆག( རྩྭ) ཉོ་སྒྲུབ་བྱེད་པའི་ལས་ཀ་དེ་སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པར་མ་ཟད་ཆེད་དོན་དུ་གསབ་དངུལ་སྤྲོད་པའི་སྲིད་ཇུས་འདོན་པ་དང་། ཁེ་ལས་ཀྱིས་ཐོན་ཁུངས་སྲུང་སྐྱོང་དང་གསོ་སྤེལ། ཐོན་རྫས་ཞིབ་འཇུག་གསར་སྦོལ་དང་བྲིན་འཚོང་བྱ་རྒྱུ་སོགས་ཀྱི་མ་གནས་དང་ཉེན་ཁ་དེ་དག་ལ་འགན་འཁུར་བ་རེད། ལས་གཞི་དེ་ཚན་རིག་ཞིབ་འཇུག་ཁང་དང་། སྤྱིར་གཉེར་ཁང་། རྟེན་གཞི། ཞིང་དུད་བཅས་མཉམ་དུ་ཚན་རྩལ་གྱིས་ལམ་སྣེ་ཁྲིད་པ་དང་ཕག་སྐྱིན་ཚབ་སྤྲད་པའི་བྱེད་སྟངས་སྤྱད་པ་སྟེ། ཚན་རིག་ཞིབ་འཇུག་ཁང་གིས་གསོ་སྤེལ་གྱི་ཆ་ཚང་ལག་རྩལ་ཞིབ་འཇུག་དང་ལག་རྩལ་གསོ་སྦྱོང་ཁྲིད་སྟོན་བྱ་རྒྱུའི་འགན་འཁུར་དགོས་པ་དང་། སྤྱི་གཉེར་ཁང་གིས་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་གཏོང་བ་དང་། ཕག་ཁྱུ་སྲུང་སྐྱོང་དང་རྒྱ་སྐྱེད་བཏང་ནས་ཕག་གསོ་ཚགས་བྱེད་མཁན་དུད་ཚང་ལ་ཕག་ཕྲུག་མཁོ་འདོན་བྱེད་པར་མ་ཟད། རིམས་འགོག་བདེ་སྲུང་དང་འཚོང་ཕག་ཚུར་བསྡུ་བ། ཐོན་རྫས་ལས་སྣོན་བྱེད་པ་སོགས་ཀྱི་ལས་ཀའི་སྒྲུབ་འགན་འཁུར་བ། གསོ་སྤེལ་དུད་ཚང་གིས་ཁ་གྲམ་ནས་གསོ་ཚགས་བྱེད་པ་དང་རེ་བ་ལྟར་འཚོང་ཕག་མཁོ་སྤྲོད་བྱ་དགོས། ལས་གཞི་དེ་སྔོན་དཔག་བྱས་ན་སང་ལོར་རྒྱུད་བཟང་གི་ཕག་ཕྲུག་1000དང་སྤུས་ལེགས་ཀྱི་བོད་ཕག་1000བཤས་ཁོངས་སུ་གཏང་ཐུབ་རྒྱུ་རེད། 
        ལས་གཞི་དེ་བསྐྲུན་ཐུབ་རྗེས་མིག་སྔའི་ཚོང་རའི་གནས་ཚུལ་ལྟར་ན། བོད་ཕག་གཅིག་གི་ཚོང་རའི་རིན་གོང་སྒོར་3000 ཡས་མས་ཡིན།  དུད་ཚང་རེར་མི་5རེའི་ཚད་གཞི་ལྟར་རྩིས་བརྒྱབ་ན་བསྡོམས་པས་མི་1000 དབུལ་ཕོངས་ལས་ཐར་ཐུབ། དུད་ཚང་རེས་ཁ་གྲམ་ནས་ཕག་5རེ་གསོ་ཚགས་བྱེད་ཐུབ་པ་ལྟར་རྩིས་བརྒྱབ་ན་དུད་ཚང་རེས་མ་མཐའ་ཡང་ཡོང་འབབ་སྒོར་10000 ཡན་ཆད་རག་ནས་ཕག་གསོ་མཁན་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་འགྲོ་ཐུབ་རྒྱུ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་དེ་གའི་བོད་ཕག་ཡུན་རིང་སྦག་བཙོག་ཐེབས་མེད་པ་དང་རང་བྱུང་གི་གྲང་ངར་ཆེ་བའི་རི་ཁུལ་དུ་འཚོ་བ་བྱེད་བཞིན་ཡོད་པས། པགས་པ་སྲབ་ལ་ཤ་སྣག་མོ་ཡོད་པ་དང་། རོ་བཅུད་ལྡན་པ་སོགས་ཀྱི་ལེགས་ཆ་ཡོད་པ་རེད། བོད་ཕག་གི་ཤ་ནི་དཔེ་མཚོན་ཅན་གྱི་ལྷད་མེད་སྐྱེ་ཁམས་ལྡན་པའི་བཟའ་བཅའ་ཞིག་ཡིན་པས། དེང་སྐབས་མི་རྣམས་ཀྱིས་བཟའ་བཅའི་སྤུས་ཚད་མཐོ་བའི་དགོས་མཁོ་དང་འཚམ་པ་རེད། 2011 ལོར་དཔེ་བཞག་ཤང་གི་བོད་ཕག་དེ་ཚན་པ་གཉིས་པའི་རྒྱལ་ཁབ་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་བྱ་ཡུལ་6 གི་ས་ཁུལ་གྱི་གྲས་སུ་བཞག་ནས། སི་ཁྲོན་བོད་ཁུལ་གྱི་བོད་ཕག་རིགས་རྒྱུད་སྲུང་སྐྱོང་བྱེད་ཁུལ་དང་པོར་གྱུར་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1