སློབ་གཙོ་ཐོག་མར་དགེ་རྒན་བཟང་བོ་ཞིག་ངེས་པར་དུ་ཡིན་དགོས།

མཚོ་ལྷོ་ཁུལ་ཀོས་ནན་རྫོང་མི་རིགས་སློབ་འབྲིང་། སྒྲོལ་མ་ཚེ་བརྟན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-09


   སློབ་གཙོ་ཐོག་མར་དགེ་རྒན་བཟང་བོ་ཞིག་ངེས་པར་དུ་ཡིན་དགོས། འདི་ནི་སུའུ་ཝུ་མུའུ་ལིན་སི་ཅུའི་ལྟ་བ་རེད། དོན་དངོས་སུ་སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ་ལ་ལ་ནི་སྲིད་འཛིན་དང་རྩ་འཛུགས་བྱ་བར་ཚུད་པའམ་མགོ་འཁོར་ནས་འདུག་པ་སྟེ། དགེ་རྒན་གྱི་བྱ་བ་དང་སློབ་ཁང་ལ་ཁ་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད། འདི་ནི་དོ་སྣང་བྱ་དགོས་པའི་སྣང་ཚུལ་ཞིག་རེད།
   སློབ་གཙོའི་ཆེད་ལས་རང་བཞིན་གྱི་མགོ་ཁྲིད་ནུས་ཤུགས་ནི་སྣེ་མང་ཞིང་དཀྱེལ་ཡངས་པའི་མ་ལག་ཅིག་ཡིན། སློབ་གཙོ་རིག་པའི་མཁས་ཆེན་སཱ་ཆའོ་བན་ཉི་ཡིས་སློབ་གཙོའི་མགོ་ཁྲིད་ནུས་པ་དེ་ལག་རྩལ་རང་བཞིན་དང་འབྲེལ་འདྲིས། སློབ་གསོ། ཚབ་མཚོན། རིག་གནས་ཏེ་རིགས་ལྔར་དབྱེ་ཡོད། དེའི་ཁྲོད་དགེ་རྒན་གྱི་སློབ་གསོ་དང་འཁྲིད་སྟོན་ཐད་མཛུབ་སྟོན་གྱི་ནུས་པ་གདོན་ཐུབ་པའི་སློབ་གསོ་མགོ་ཁྲིད་ཀྱི་ནུས་པ་ནི་སློབ་གཙོའི་ཆེད་ལས་ནུས་པའི་སྲོག་ཤིང་དུ་གྱུར་ཡོད། སྨྱུག་ཐོགས་པ་ཧང་ཀྲིག་གྲོང་ཁྱེར་མཁར་སྨད་ཁུལ་གྱི་སློབ་གཙོ་གཉིས་ལ་འཕྲད་པ་དེ་གཉིས་ཀས་སློབ་ཁྲིད་ལ་ཉན་པ་དང་སློབ་ཁྲིད་བྱེད་པ་ནི་རྒྱུན་ལྡན་གྱི་བྱ་བར་ངོས་བཟུང་ཡོད། གཉིས་ཀས་སློབ་ཁང་དང་མ་བྲལ་ན་ད་གཟོད་སློབ་གྲྭ་ངོས་ཟིན་པ་དང་། བསླབ་ཚན་ལ་རྒྱུས་ལོན་ཐོབ་ན་དགེ་རྒན་དང་སློབ་མ་ཐ་ན་ཁྱིམ་བདག་དང་དེ་དག་གི་འཚོ་སྡོད་བྱ་སར་རྒྱུས་ལོན་བྱ་ཐུབ་ཅིང་། སློབ་གྲྭ་ལའང་དོ་དམ་ལེགས་པོ་བྱ་ཐུབ་པར་བསམས་ཡོད།
   དགེ་རྒན་བཟང་བོ་ཞིག་ཡིན་པའི་སློབ་གཙོ་ལ་མཚོན་ན། དགེ་རྒན་ཁྲོད་ཀྱི་གཅིག་ཡིན་ལ། དགེ་རྒན་ཁྲོད་ཀྱི་ཡང་རྩེ་ཡང་ཡིན། སུའུ་ཝུ་མུའུ་ལིན་སི་ཅུའི་གསུང་བ་ལྟར་བརྗོད་ན་དེ་ནི་དགེ་རྒན་གྱི་དགེ་རྒན་ཡིན། དེ་བས་ན་ལ་ལས་སློབ་གཙོ་ཞིག་བྱ་དགོས་ན་ངེས་པར་དུ་སློབ་ཁྲིད་ཀྱི་ཆུ་ཚད་ཆེས་མཐོ་བའི་དགེ་རྒན་ཡིན་དགོས་སམ་ཞེ་ན། མིན་ཏེ། སློབ་གཙོ་ལ་སྔོན་ཐོན་གྱི་སློབ་གསོའི་ལྟ་སྟངས་དང་སློབ་ཁྲིད་ཐབས་རྩལ་ཡོད་འོས་མོད། དེ་ལས་ཀྱང་གལ་ཆེ་བ་ནི་ཁྱབ་ཁོངས་ཆེན་པོར་སློབ་གསོའི་མགོ་ཁྲིད་ཀྱི་ནུས་པ་ལྡན་དགོས་པ་དེ་ཡིན། ཁྱབ་ཁོངས་ཆེན་པོ་ཞེས་པ་ནི་བསླབ་ཚན་གྱི་ཁྱབ་ཁོངས་དེ་བསྟན་པ་ཡིན། བསླབ་ཚན་མགོ་ཁྲིད་ཀྱི་ནུས་པ་ནི་སློབ་གཙོའི་འཇོན་ནུས་ཀྱི་སྲོག་ཤིང་ཡིན། སློབ་གྲྭའི་བསླབ་ཚན་ལ་འཆར་འགོད་བྱེད་པ་ནི་སློབ་གཙོའི་གལ་ཆེ་བའི་འགན་ཁུར་ཡིན། ང་ཚོས་སློབ་གྲྭར་སྤྱོད་པའི་བསླབ་ཚན་ནི་སློབ་གྲྭའི་བསླབ་ཚན་གྱི་འཆར་འགོད་ཁྲོད་འཇོག་པ་དང་། རྒྱལ་ཁབ་བསླབ་ཚན་གྱི་ལག་བསྟར་ནི་སློབ་གྲྭའི་བསླབ་ཚན་གྱི་འཆར་འགོད་དང་ལག་བསྟར་གྱི་གོ་རིམ་ཡིན། སློབ་ཁང་ནི་བསླབ་ཚན་ལག་བསྟར་བྱ་སའི་གནས་དང་། དགེ་རྒན་དང་སློབ་མ་ནི་བསླབ་ཚན་ལག་བསྟར་བྱེད་མཁན་དང་བྱ་ཡུལ་ཡིན་པའི་ལྟ་བ་བཏོན་དང་འདོན་བཞིན་ཡོད། དེར་བརྟེན་སློབ་ཁང་དང་བྲལ་ན། སློབ་གཙོའི་ཆེད་ལས་ནུས་པ་ཇེ་གཉོམ་དུ་འགྲོ་ཞིང་། སློབ་གཙོའི་མགོ་ཁྲིད་ནུས་པ་དེར་ཡང་རྩ་བ་ཚུགས་བྱེད་ཀྱི་རྒྱུ་དང་བྲལ་བ་ཁོ་ན་ཡིན།
   དགེ་རྒན་གྱི་དགེ་རྒན་ཏེ་སློབ་གཙོས་དགེ་རྒན་ལ་མཛུབ་སྟོན་བྱེད་སྟངས་དེ་བཀག་འགོག་དང་ཚོད་འཛིན་བྱེད་པ་ཞིག་ཡིན་མི་འོས། སློབ་གཙོས་སློབ་ཁྲིད་ལ་ཉན་ན་ཐོག་མར་འགྲོ་མོས་པ་དང་རང་ཁ་རང་གིས་བདག་བྱེད་ཐུབ་དགོས་པ་ཞིག་ཡིན་འོས། འགྲོ་མོས་པ་ཞེས་པ་ནི་སློབ་ཁྲིད་སྣ་ཚོགས་ལ་ཉན་སྤྲོ་བར་བཤད་པ་དང། ཁ་བདག་བྱེད་པ་ཞེས་པ་ནི་གང་དྲན་མི་བརྗོད་པ་དང་བཀའ་མི་བསྒྲགས་པར་བསྟན་པ་ཡིན། རང་སྐྱོན་སྦ་ཤེས་དགོས་ཏེ་དགེ་རྒན་རྣམས་ཀྱི་མདུན་དུ་ཅི་ཡང་ཤེས་པའི་ཉམས་མི་དོད་པ། ཐབས་སྐུང་མཁས་དགོས་ཏེ་ཁྱོད་ཀྱི་ལྟ་ཚུལ་མཐོན་པོ་དེ་སྲིད་འཛིན་གོ་གནས་ཀྱི་དབང་གིས་དགེ་རྒན་རྣམས་ལ་བཀའ་རུ་འགྱུར་བས་ཡིན། སློབ་གཙོས་སློབ་ཁྲིད་ལ་ཉན་པ་ནི་བརྟག་ཞིབ་བྱེད་དུ་འོངས་པ་མིན་ལ་ཞིབ་འཇུག་བྱེད་དུ་འོངས་པ་ཡིན། བཀའ་བསྒྲག་པར་འོངས་པ་མིན་ལ་རྣ་བ་གཏད་དེ་སློབ་ཁྲིད་ལ་ཉན་དུ་འོངས་པ་ཡིན། སློབ་ཁྲིད་ལ་ཉན་པ་ནི་གྲོགས་སྒྲིག་ཏུ་འོངས་པ་དང་། ཉན་མཁན་གཞན་དང་མཉམ་དུ་བགྲོ་གླེང་གི་གནས་བབ་ཅིག་ལ་བསླེབས་པ་དང་ཡང་མཚུངས། གནས་བབ་དེར་སེམས་ནས་ཕུད་པའི་བསྟོད་པ་ཡོད་ལ། མཛུབ་མོས་རི་སྟོན་ལྟ་བུའི་གསལ་འདེབས་ཀྱང་མངའ། ཕན་ཚུན་བར་སེམས་སྟོན་པ་ལྟ་བུའི་འབྲེལ་འདྲིས་ལྡན་པ་ལས་གཞན་མི་མངོན་པའི་ཤེས་བྱས་ཁེངས་པའི་གནས་ཤིག་ཀྱང་ཡོད། ངག་ཏུ་མ་བརྡོལ་བའི་སེམས་གཏམ་དེ་ཕྱིས་སུ་ཕན་ཚུན་གྱི་སེམས་སུ་སྐུལ་འདེབས་ཀྱི་ནུས་པ་ཐོན་ངེས་ལ། འདི་ཡང་དོན་དུ་བགྲོ་གླེང་ཞིག་མིན་ནམ། མི་མངོན་པའི་ཤེས་བྱ་ཞེས་པ་དོན་དུ་གཞན་ལ་གུས་འདུད་བྱ་ནུས་པའི་ཡོན་ཏན་ཞིག་ཡིན། ཁ་རོག་གེར་རྣ་བ་གཏད་དེ་དགེ་རྒན་གཞན་གྱི་དཔེ་ཁྲིད་ལ་ཉན་པ་ནི་དར་སྤེལ་དུ་གཏོང་འོས་པའི་དེང་གི་སློབ་གཙོ་དག་གི་སློབ་ཁྲིད་ལ་ཉན་པའི་རིག་གནས་ཤིག་རེད། འདི་རུ་དབང་ཆ་ཀུན་ནུས་ཀྱི་ངར་ཤུགས་དེ་བཀག་འགོག་ཐུབ་ལ། སློབ་གཙོའི་ཆེད་ལས་དང་ཀུན་སྤྱོད་མགོ་ཁྲིད་ཀྱི་ནུས་པ་གཉིས་ཚད་མཐོན་པོར་གོང་བུ་གཅིག་ཏུའང་སྒྲིལ་ནུས་ཤིང་། འུར་ཤོམ་དང་བྲལ་བར་སྔར་ལས་ལྷག་པར་གཞན་སེམས་འགུགས་པ་དང་ཤན་ཤུགས་ཐེབས་ཐུབ།
   ཨ་རིས་སློབ་གཙོ་ཞིག་གིས་བཤད་པ་ནང་བཞིན། དགེ་རྒན་ནི་ཅི་ལྟ་བུ་ཞིག་ཡིན་པ་མ་བརྗེད། དུས་གཏན་དུ་དགེ་རྒན་བྱེད་འདུན་ཡོད་པའི་སློབ་གཙོ་ཞིག་བྱོས་ཞེས་གསུངས་པ་ལྟར། འདི་ལྟ་བུའི་སློབ་གཙོ་ནི་བསླབ་ཚན་གྱི་མགོ་ཁྲིད་པ་དང་དགེ་རྒན་གྱི་དགེ་རྒན་ཡིན། དེང་རབས་སློབ་གྲྭའི་རིག་གནས་གསར་བའི་དར་སྤེལ་བྱེད་མཁན་དང་ནུས་ཤུགས་འདོན་མཁན་ཡིན་ནོ། །
   (རྩོམ་པ་པོ་ནི་ཀྲུང་གོའི་སློབ་གསོ་ཚན་རིག་ཞིབ་འཇུག་གླིང་རྨང་གཞི་སློབ་གསོའི་བསླབ་ཚན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་དབྱང་ཅུག་ཆོན་ཡིན)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1