ཕ་ས་ཕ་ཡུལ། ཕ་ས་ཕ་ཡུལ།

སྟོང་འབར་ཐུར། (དཀར་མཛེས།) རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-11


ས་སྒང་འདིར་ཁ་བཏགས་འཐེན་འདྲའི་འོད་ཀྱི་ཟེ་བ་དཀར་པོ།
རི་བོ་ཧི་མ་ལ་ཡ།
དབྱངས་གསལ་སོ་བཞིའི་དབུགས་རྒྱུན་མ་ཆད་བར་དུ།
སེམས་གཞས་འཕྱོ་སྲིད།
ཡབ་མེས་ཚོའི་སྐྱ་དམག་ཁྲི་སྟོང་གི་རྨིག་སྒྲའི་རོལ་དབྱངས་དྲག་པོ་བཞུར་ཤུལ་ཏུ།
དོ་ནུབ། ངས་ཕ་ས་ཕ་ཡུལ་གྱི་བྲང་གཞུང་དུ་སེམས་པ་གླན་ནས་སྙིང་གི་འཕར་ཚད་ལ་ཉན་ཡོད།


ས་སྒང་འདིའི་སྐེད་དུ་འཆིང་བའི་སྐེད་རགས་སྔོན་པོ།

རྨ་འབྲི་སྤུན་ཟུང་།
འདས་སོང་གི་གསང་བའི་ལོ་རྒྱུས་ཡོད་ཚད་རྒྱབ་ཏུ་ཁུར་ནས།
སུ་ཞིག་ལ་བདེན་དཔང་བྱེད་དུ་འགྲོ།
ཡབ་མེས་ཚོའི་སྨྲེང་བའི་མིག་ཟུང་ནས་འཁྱིལ་བའི་སེམས་ཀྱི་མིག་ཆུ་རྡོག་པོ་དེ་ཡིན་ནམ།
དོ་ནུབ། ངས་ཕ་ས་ཕ་ཡུལ་ལ་སྐྱོ་བའི་ལག་ཟུང་སྦྲེལ་ནས་ཁྲག་གི་འཕར་རྩ་ལ་ཉན་ཡོད།


ས་སྒང་འདིའི་མགུལ་རྒྱན་ཏུ་འཕྱང་བའི་བྱུ་རུའི་དོ་ཤལ།

ཉི་མ་ལྷ་ས།
གནའ་ཆགས་རི་ཆུའི་ན་གཞོན་གྱི་གཟི་མདངས་ཤོར་ཡོད་ནའང་།
ད་དུང་ཇོ་བོ་མཆེད་གཉིས་ལ་མིག་མདའ་འཕངས་ཡོད།
ཡབ་མེས་ཚོས་ཡ་ཆུང་སེམས་ཕུགས་ཀྱིས་བསྐྲུན་པའི་རྒྱབ་རི་སྨུག་པོ་དེ་མ་ཡིན་ནམ།
དོ་ནུབ།ངས་ཕ་ས་ཕ་ཡུལ་ལ་ཡིད་ཁོངས་མཆི་མས་བཀང་ནས་གུས་པའི་ཐོད་པ་གཏུག་ཡོད།


ང་ནི། རི་བོ་ཧི་མ་ལ་ཡ་ནས་འདྲིལ་བའི་རྦབ་རྡོ་ཞིག

ང་ནི། རྨ་ཀླུང་སྒེག་མོར་འཁྱུག་པའི་གསེར་ཉ་ཞིག
ང་ནི། ཡར་ཀླུང་སོག་ཁ་ན་འཁྱམས་པའི་མི་ཕོ་ཞིག
ང་ཡི་གདུང་རྒྱུད། ང་ཡི་འབྱུང་ཁུངས་གངས་ལ་དྲིས།
ང་ཡི་ཕུགས་བསམ། ང་ཡི་རྨི་ལམ་མཚོ་ལ་དྲིས།
མཚོ་དང་གངས་ནི་ང་ཡི་སེམས་ཀྱི་འོད་ཀོར་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1