དམངས་ཁྲོད་བཟོ་རྩལ་གྱི་ལྟེ་གནས་སྡེ་དགེའི་སྨན་ཤོད།

ཚུལ་ཁྲིམས་བཟང་པོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-14


        ཉེ་ལམ།  ངེད་གངས་ལྗོངས་ཉི་གཞོན་གྱི་གསར་འགོད་ཚན་ཆུང་སྨན་ཤོད་ཕྱོགས་སུ་ཕྱིན་ཞིང་།  ཆུ་བོ་གསེར་ལྡན་གྱི་འགྲམ་ནས་ཆུ་ཚོད་གཉིས་ཙམ་སོང་རྗེས་སྨན་ཤོད་ལ་སླེབས།  སྤྱིར་སྨན་ཤོད་ནི་སྡེ་དགེའི་མངའ་ཁོངས་སུ་གཏོགས་པའི་ཡུལ་ཤོག་གསུམ་ཙམ་གྱི་སྤྱི་མིང་ལ་ཟེར་ཞིང་།  ཕྱིའི་ཆགས་ཚུལ་སོགས་བོད་ཀྱི་ལུང་པ་གཞན་དག་དང་བསྡུར་ནས་མི་འདྲ་ས་གང་ཡང་མི་འདུག   འོན་ཀྱང་ས་གནས་དེ་གའི་མི་རྣམས་ཀྱིས་སྲོལ་རྒྱུན་རིག་གནས་དང་བཟོ་རིག་པའི་ཉིང་བཅུད་འཛིན་སྐྱོང་སྤེལ་གསུམ་ལེགས་པོ་བྱས་ནས་བོད་ཀྱི་བཟོ་རིག་པ་འཛམ་གླིང་གི་གར་སྟེགས་ལ་བཏེགས་པས།  འཛམ་གླིང་གི་སྨན་ཤོད།  ཀྲུང་གོ་ཡི་འབྲུག་ཡུལ་ཞེས་གྲགས་པ་རེད། 

        སྟབས་ལེགས་པ་ཞིག་ལ་སྐབས་དེ་དུས་སྨན་ཤོད་ལུང་པའི་སྐྱ་སེར་ཡོངས་རྫོགས་ལྷན་དུ་འཛོམས་ནས་དབྱར་སྐྱིད་ལ་རོལ་བཞིན་འདུག་ལ།  ཆུང་ལོ་གསུམ་བྱིས་པ་ཡན་དང་ཆེ་རྒན་རྒོན་མགོ་དཀར་མན་གྱིས་ལུས་ལ་བོད་གོས་གྱོན་ཞིང་མཛེས་པའི་རྒྱན་གྱིས་སྤྲས་པ་དང་།  ལོ་ཚོད་དར་ལ་བབ་པའི་ཕོ་མོ་མང་པོ་ཞིག་གིས་ཕྲུག་དང་འབུ་རས་དོར་ཁྲ།  རྡོག་རྩག་སོགས་གྱོན་ནས་སྔར་ལུགས་ལྟར་སྡེ་དགེའི་བྲོ་ཆེན་འཁྲབ་བཞིན་འདུག   སྡེ་དགེའི་བྲོ་ཆེན་གྱི་རྒྱུན་འཛིན་ཆེས་ལེགས་པའི་ས་ཆ་ནི་སྨན་ཤོད་ཡིན་པ་བཤད་མ་དགོས་ལ།  སྨན་ཤོད་ལུང་པའི་རྒན་དར་གཞོན་གསུམ་ཡོངས་རྫོགས་བྲོ་ཆེན་ལ་དགའ་ཞིང་ལྷན་འཛོམས་ཡོད་ཙ་ན།  བྲོ་ཆེན་ནི་མེད་ཐབས་མེད་པའི་འཚོ་བའི་ཡ་གྱལ་ཞིག་གམ་གྲུབ་ཆ་གལ་ཆེན་ཞིག་ལ་ངོས་འཛིན་བཞིན་ཡོད།   མདའ་མ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ལི་ཞིན་ཚའེ་ཡིས།  སྟངས་སྟབས་ཀྱི་ཉམས་འགྱུར་གྱིས་ཕྱུག་ཅིང་།  ཐུན་མོང་མིན་པའི་ཡུལ་སྲོལ་གོམས་གཤིས་དང་ས་གནས་དེ་གའི་ལུགས་སྲོལ་དང་འཚོ་བའི་སྣང་བརྙན་སོགས་མཚོན་པའི་སྡེ་དགེའི་བྲོ་ཆེན་འདི་འཛིན་སྐྱོང་སྤེལ་བྱ་ཆེད།  མདའ་མ་གྲོང་རྡལ་གྱིས་དམངས་སྒོར་ཁྲི་53འགྲོ་གྲོན་བཏང་ནས་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་རྩ་འཛུགས་དང་།  དེ་ལས་དགེ་རྒན་བཞི་བདམས་ནས་གྲོང་པ་7གྱི་མི་གྲངས་100ལ་བྲོ་ཚིག་དང་རྡོག་བྲོ་སོགས་བསླབས་ཤིང་།   ལོ་རེའི་སྤྱི་ཟླ་7པའི་ནང་བྲོ་ཆེན་དུས་སྟོན་སྤེལ་བཞིན་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

        སྨན་ཤོད་ནི་གནའ་ནས་ད་བར་དུ་སྲོལ་རྒྱུན་གྱི་ལག་ཤེས་བཟོ་ལས་འཛིན་སྐྱོང་སྤེལ་གསུམ་བྱེད་སའི་ཡུལ་གྲུ་གལ་ཆེན་ཞིག་ཡིན་ལ།   དེང་དུས་རྒྱལ་སྤྱིའི་ཚོང་ལས་ཀྱི་འགྲོས་དང་བསྟུན་ནས་སྔ་རྗེས་སུ་རྫི་བོ་དང་མཁྱེན་ལི་སོགས་ཚོང་རྟགས་ཅན་གྱི་འཕེལ་རྒྱས་ལ་ཁ་ཕྱོགས་པ་དང་།   ཡུལ་དེ་ལ་བོད་སྨན་དང་བོད་སྤོས་ཀྱི་བཟོ་གྲྭ   མགར་བ་དང་རྫ་བཟོ།  ལྷ་བཟོ་དང་འཚེམ་དྲུབ།   ཤིང་བཟོ་དང་བསླས་འཐག  དེ་མིན་ལྷ་སྐུ་བསྟན་ཆས་དང་འཚོ་བའི་ཡོ་བྱད་སོགས་ལས་སྣོན་དང་གསར་བཟོ་བྱེད་སའི་བཟོ་གྲྭ་དང་རྒྱུན་འཛིན་པ་དུ་མ་ཞིག་ཡོད་པས།  དངོས་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་དང་རང་ཉིད་ཕྱུག་འགྱུར་གྱི་ལམ་ལ་འབད་པ་ཆེད་པོས་སྐྱོད་བཞིན་མཆིས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1