མཚོ་སྔོན་ཞིང་ཆེན་གྱི་སྐབས་དྲུག་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-17


        ཟླ་8ཚེས་14ཉིན་མཚོ་སྔོན་ཞིང་ཆེན་གྱི་སྐབས་དྲུག་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་དུ་འགོ་ཚུགས་པ་རེད།

        འགོ་ཚུགས་མཛད་སྒོའི་ཐོག་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་པ་སྟོང་ཕྲག་དུ་མས་མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་ནས་གོམ་སྟབས་བརྟན་པོས་ལུས་རྩལ་ཐང་དུ་སྐྱོད་པ་དང་ཆབས་ཅིག་ཡིད་ཆེས་དང་སྤོབས་སེམས་ཀྱིས་ཁེངས་བཞིན་དུ་ལུས་རྩལ་དང་འཚོ་བར་བཅངས་པའི་ཁོང་ཚོའི་བརྩེ་སེམས་མཚོན་པར་བྱས།

        དུས་ཡུན་ཉིན་6གི་ལུས་རྩལ་འགྲན་ཚོགས་ཐོག་མཚོ་སྔོན་ཞིང་ཆེན་གྱི་འཐུས་མིའི་རུ་ཁག་19ཡི་ལུས་རྩལ་པ་1656གིས་དཔའ་རྩལ་ངོམ་སྟོན་བྱ་རྒྱུ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ནང་ལན་ཆིའུ་སྤོ་ལོ་དང་། རྐང་རྩེད་སྤོ་ལོ། དྲག་རྩལ། གཉའ་རྩལ། ཐག་འཐེན། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་མདའ་འཕེན། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྦེ་ག རྟ་རྩལ། གཡག་རྒྱུག་སོགས་རྣམ་གྲངས་ཆེ་བ་10དང་ཆུང་བ་53ཡོད། སྐབས་གོང་མ་དང་བསྡུར་ན་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ལ་སྐྱེས་པའི་རྐང་རྩེད་སྤོ་ལོ་དང་བུད་མེད་ཀྱི་མདའ་འཕེན་གྱི་རྩལ་འགྲན་རྣམ་གྲངས་གཉིས་གསར་དུ་བསྣན་ཡོད།

        “ལོ་བཞི་རེར་སྐབས་རེ་འཚོག་པའི་མི་རིགས་ལུས་རྩལ་འགྲན་ཚོགས་ནི་མཚོ་སྔོན་ཞིང་ཆེན་གྱི་ཚད་གཞི་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མི་རིགས་ལུས་རྩལ་གྱི་སྟོན་མོ་ཞིག་ཡིན་ལ། མི་རིགས་ལུས་རྩལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གཟིགས་ཞིབ་དང་། དམངས་ཡོངས་ལུས་སྦྱོང་བྱེད་སྒོ་ཡོངས་ཁྱབ། མི་རིགས་ཁག་གི་མང་ཚོགས་ཀྱི་བརྩེ་སེམས་ཟབ་གཏོང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཀྱང་རེད”ཅེས་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཀྲོའུ་ཀྲང་བསོད་ནམས་དོན་གྲུབ་ཀྱིས་དེ་ལྟར་བརྗོད།

        མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་མཁས་པས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ལུས་རྩལ་འགྲན་ཚོགས་འཚོགས་ནས་ལོ་20ཡི་རིང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་མ་ནུས་ལྡན་བྱུང་ནས་མི་རིགས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་ལ་སྐུལ་འདེད་ཤུགས་ཆེན་ཐེབས་ཡོད་ཅེས་བཤད།

        མཚོ་སྔོན་ཞིང་ཆེན་འདི་ཉིད་མཚོ་བོད་ས་མཐོའི་ཐོག་གནས་པས། ཁུལ་ཁོངས་སུ་བོད་རིགས་དང་། སོག་རིགས། ཧུད་རིགས། ཧོར་རིགས། ས་ལར་རིགས་སོགས་གྲངས་ཉུང་མི་རིགས་མང་པོ་འདུས་ཡོད། སྣ་མང་གི་མི་རིགས་རིག་གནས་ལས་མཚོ་སྔོན་ཞིང་ཆེན་གྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ལུས་རྩལ་རྣམ་གྲངས་ཏེ། བོད་རིགས་དང་སོག་རིགས་ཀྱི་རྟ་རྒྱུག་དང་། གཡག་རྒྱུག མདའ་འཕེན། སྦེ་ག་བཅས་དང་ཧོར་རིགས་ཀྱི་འཁོར་ལོ་དང་ཧུད་རིགས་ཀྱི་དྲག་རྩལ་སོགས་དར་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1