དར་མདོའི་མཛའ་གཞས།

མགར་གྲིབ་མ། (དཀར་མཛེས།) རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-21


སྙན་མོའི་མཛའ་གཞས་ཤིག་གིས།

ཁྱེད་ཀྱི་མཚན་སྙན་འཛམ་གླིང་གོ་ལའི་ཡང་རྩེར་ཁྱབ།
ཁྱེད་ཀྱི་བརྩེ་དུང་གི་གཏམ་རྒྱུད་དེས།
ཇ་རྟའི་གནའ་ལམ་དུ།
ལང་ཚོའི་མེ་ཏོག་བཞད་བཞིན།
བགྲོད་དཀའི་ལམ་ཕྲན་རིང་མོ་དེར།
སྔར་མེད་ཀྱི་གསོན་ཤུགས་རྒྱས།


ཁྱེད་ཀྱི་སྙན་པའི་མཛའ་གླུ་རེ་ཐོས་འཕྲལ།

མིག་ཟུང་དུ་མཛའ་མཐུན་གྱི་གཞོན་ནུ་ཕོ་མོ་གཉིས།
ཅང་ཤེས་རྟ་ཕོར་ཞོན་བཞིན།
བལ་དཀར་གྱི་སྤྲིན་པ་ལྡིང་བའི་སྔོ་སངས་ཀྱི་མཁའ་དབྱིངས་འོག
གཡང་དཀར་ལུག་ཁྱུ་ཁྲོད་གླུ་དབྱངས་ལེན་བཞིན་གང་འདོད་ཀྱིས་རྒྱུ་བའི་རྣམ་པ་ཞིག་སྟེར།


ཁྱེད་ཀྱི་ལྷད་མེད་ཀྱི་བརྩེ་དུང་གི་གཏམ་རྒྱུ་དེས།

མི་བུ་གང་མང་ཞིག་གི་ཡིད་སེམས་བཀུག
ཆུང་བྱིས་པའི་དུས་ནས་མཉམ་འགྲོགས་ཀྱི་རྩེད་རོགས།
ཕན་ཚུན་དུང་བ་ཟབ་པའི་ཡིད་མཐུན་གྱི་རྫི་རོགས།
ཟོལ་མེད་བརྩེ་བས་མཐུད་པའི་བྱམས་པའི་ཆུང་འདྲིས།
སོ་སོའི་སྔོན་བསྐོས་ལས་ཀྱིས།
ཚེ་གཅིག་མཉམ་འགྲོགས་ཀྱི་ལས་དབང་མ་གནང་།
ཡིན་ཡང་བཅོས་མིན་སྙིང་གི་བརྩེ་བ།
ཕན་ཚུན་སེམས་ནས་བརྗེད་མེད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1