དཔལ་སྤུངས་དགོན་པ།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-22


དཔལ་སྤུངས་དགོན་པ་ནི། རབ་བྱུང་བཅུ་གཉིས་པའི་མེ་ལུག་ལོ་སྟེ་སྤྱི་ལོ་1727ལོར་སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྦྱིན་བདག་དང༌བཀའ་མངགས་འོག་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཕྱག་བཏབ། ལོ་དེའི་ཟླ་བ་གསུམ་པའི་ཚེས་གསུམ་ཉིན་ས་སློང་དང་ས་འདུལ་མཛད། ཚེས་བདུན་ཉིན་སྡེ་དགེའི་གཉེར་ཆེན་ཆོས་སྐྱོང་བཀྲ་ཤིས་སྐུ་དངོས་ཕེབས་ནས་གཙུག་ལག་ཁང་རྨང་གཏིང་བའི་ལས་དཔོན་མཛད། དེ་ནས་ལོ་ངོ་གསུམ་གྱི་རིང་འདུ་ཁང་གཙོ་བོ་དང༌། གྲྭ་ཁང་ཉེར་ལྔ་ཙམ་གྲུབ་ཅིང་དེ་དག་ལ་ལྡེབས་བྲིས་དང་ཚོན་རྩི་སོགས་ལེགས་པར་གྲུབ། ས་བྱ་ལོའི་ཟླ་བ་བརྒྱད་པའི་ཚེས་བཅུ་ཉིན་ཆོས་རྒྱལ་བསྟན་པ་ཚེ་རིང་རྒྱལ་བློན་སྐུ་འཁོར་རྣམས་དཔལ་སྤུངས་དགོན་དུ་ཕེབས་ནས་དགོན་པ་སྒོ་འབྱེད་ཀྱི་མཛད་སྒོ་དང༌། ལེགས་སྐྱེས་རྒྱ་ཆེན་པོར་གནང་བ་དང༌། དགོན་པ་འདིའི་བཤད་སྒྲུབ་ཀྱི་སྐོར་ལ། སྒྲུབ་མཆོད་ནི་ནག་རྒྱལ་ཕག་གསུམ་དང༌། མར་ལུགས་རྒྱུད་སྡེ་རྣམས་ཀྱི་སྒྲུབ་པ་འཆར་ཅན་མ་བཀའ་བརྒྱུད་སྤྱི་ལུགས་ལྟར་ཡིན། ཁྱད་ཆོས་གཙོ་བོ་ནི་གོང་གསལ་ལྟར་སྤྱི་ལོ་1754ལོར་སི་ཏུ་ཆོས་འབྱུང་གིས་ལྔ་རིག་སློབ་གླིང་བཙུགས་པར་མདོ་སྔགས་རིག་གནས་དང་བཅས་པའི་འཆད་སྲོལ་ཧ་ཅང་དར། ཁམས་ཕྱོགས་འདིར་རིག་གནས་སློབ་གཉེར་བྱེད་ཡུལ་གྱི་ལྟེ་བ་ལྟ་བུ་ཞིག་ཆགས་པར་མ་ཟད། སྨན་རྩིས་དང༌། སྒྲ་རིག་པའི་ཁྲིད་རྒྱུན་རྣམས་བོད་གངས་ཅན་ཡོངས་ལ་ཁྱབ་གདལ་ཕྱིན་ཡོད་པ་རེད། སྡེ་དགེ་རྒྱལ་པོའི་མངའ་ཁོངས་ཀྱི་ཕྱི་ལོག་ཏུ་ཡོད་པའི་དགོན་པ་དཔལ་སྤུངས་རང་ནས་བླ་བསྐོས་བཏང་སྟེ་འཛིན་སྐྱོང་དགོས་པ་ནི། སྤུ་བོ་དགོན་ཁག་གཉིས། རྡོ་སྟོད་སྨད་གཉིས། མགོ་ལོག་རྒྱུད་སྡེ་དགོན་བཅས་ཡིན་ལ། གཞན་ཡང་རྒྱལ་རོང་དང༌། ནང་ཆེན་ཕྱོགས་སུ་དགོན་ལག་མང་པོ་ཡོད་འདུག སྡེ་འཁོར་དུད་ནི། སྡེ་དགེ་རྒྱལ་པོའི་མངའ་ཁོངས་སུ་ཡོད་པའི་དཔལ་སྤུངས་དགོན་པའི་སྡེ་དུད་དཔལ་སྤུངས་རང་ནས་སྐུ་ཚབ་གཏོང་དགོས་པའི་སྡེ་པ་ལ། ཨ་ལོ་སྐུ་ཚབ་གཉིས། སེ་ཚ་སྐུ་ཚབ་གཅིག ཧོར་པོ་དང༌། རག་ཆབ། རྩམ་མདོ་གསུམ་ལ་སྐུ་ཚབ་གཅིག འཛིན་པ་དང་གཏེར་ལྷུང་གཉིས་ལ་སྐུ་ཚབ་གཅིག ཟུར་མང་རྣམ་རྒྱལ་གླིང་ལ་སྐུ་ཚབ་གཅིག འདན་དྲན་ཐང་ལ་སྐུ་ཚབ་གཅིག མདོ་གཞུང་རྒྱུད་ལ་སྐུ་ཚབ་གཅིག རི་མདའ་ལ་སྐུ་ཚབ་གཅིག དབོན་སྟོད་ལ་སྐུ་ཚབ་གཅིག་གཏོང་བའི་སྲོལ་ཡོད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1