དཀར་མཛེས་དགོན་པ།

རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 08-22


    

        དཀར་མཛེས་བཀྲ་ཤིས་དར་རྒྱས་ནོར་བུའི་གླིང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་ཁོངས་སུ་མངའ་ཞིང་། དཀར་མཛེས་ཁུལ་དུ་མཆིས་པའི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་སྡེ་ཆེས་ཆེ་བ་དང་ཁམས་ཀྱི་ཧོར་དགོན་བཅུ་གསུམ་གྱི་ཡ་གྱལ་ཡིན། ཆོས་སྡེ་འདི་ནི་སྤྱི་ལོ་1662ལོར་བཞེངས་པ་དང་། ད་ལྟའི་བར་དུ་བགྲང་བྱ་350ལྷག་གི་ལོ་རྒྱུས་ལྡན།

        ཆོས་སྡེ་ཆེན་པོ་འདི་དཀར་མཛེས་ཁུལ་གྱི་བྱང་ཕྱོགས་སུ་རི་ལ་བརྟེན་ནས་བཞེངས་འདུག་ཅིང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་འབུམ་2ལྷག་ཟིན་ཡོད། དགོན་པའི་ནང་དུ་ཆོས་ཀྱི་བསྟན་བཅོས་དང་ལྷ་སྐུ་སོགས་རིན་ཐང་གཞལ་ཡས་པའི་རྟེན་འགངས་ཆེན་མང་པོ་ཉར་འདུག་ལ། ད་ལྟ་གྲྭ་བཙུན་400ལ་ཉེ་བ་ཡོད།
དཀར་མཛེས་དགོན་ནི་རྒྱལ་དབང་སྐུ་ཕྲེང་ལྔ་པའི་དངོས་སློབ་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ཁམས་ཕྱོགས་སུ་དགེ་ལུགས་པའི་དགོན་སྡེ་བཅུ་གསུམ་བཞེངས་པའི་གྲས་ཡིན་ཞིང་། 1655ལོར་སྡེ་དགེའི་ཡུལ་དཔོན་གྱི་རྒྱབ་སྐྱོར་འོག་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ཁམས་བྱང་ཕྱོགས་ཀྱི་དགེ་ལུགས་པའི་དགོན་སྡེ་ཐོག་མ་རྫ་དགོན་གསར་བཀྲ་ཤིས་དགའ་ལྡན་ཆོས་འཕེལ་གླིང་བཞེངས་པ་དང་། དེའི་རྗེས་སུ་དཀར་མཛེས་དང་། བྲག་འགོ། རྟའུ་སོགས་སུ་རྫ་དགའ་ལྡན་བསམ་གྲུབ་གླིང་དང་བྲག་འགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་སོགས་བུ་དགོན་བཅུ་གཉིས་བཞེངས། དུས་ཕྱིས་མི་རྣམས་ཀྱིས་ཧོར་དགོན་སྡེ་བཅུ་གསུམ་ཞེས་མིང་ནས་འབོད་པ་རེད། །  


རྩོམ་ཡིག་སྔོན་མ།
དཔལ་སྤུངས་དགོན་པ།
རྩོམ་ཡིག་རྗེས་མ།
དཔལ་ཡུལ་དགོན་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1