གླིང་ག་བཏང་ནས་ལྷ་མོའི་ཟློས་གར་བལྟ་བཞིན་གནའ་བོའི་ཡུལ་སྲོལ་རོལ་མྱོང་བྱེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ།   སྤེལ་དུས། 08-25


        འོ་ཞོའི་དྲི་ངད་ལྡང་བས་མགྲོན་རྣམས་དགྱེ། ། ལྷ་མོའི་ཟློས་གར་ལྷ་ལྡན་ཡུལ་ན་མཛེས། ། ཟླ་8པའི་ཚེས་21ཉིན་ནས་ཚེས་27ཉིན་བར་བོད་རང་སྐྱོང་ལྗོངས་ཀྱི་“སྐབས་དྲུག་པའི་ལྗོངས་ཡོངས་ཀྱི་ལྷ་མོའི་ཟློས་གར་འཁྲབ་སྟོན”དེ་ལྷ་སའི་ཕོ་བྲང་ནོར་བུ་གླིང་ག་དང་རྫོང་རྒྱབ་ཀླུ་ཁང་ནང་ནས་དུས་མཉམ་དུ་འཁྲབ་སྟོན་བྱ་རྒྱུ་ཡིན། ནར་རིས་ནི་ཕོ་བྲང་ནོར་བུ་གླིང་གར་འཁྲབ་པའི་ཟློས་གར་“འབྲོག་པ་དང་ནོར་ནག”ཅེས་པ་དེ་ཡིན།

          བོད་ཀྱི་ལྷ་མོའི་ཟློས་གར་ནི་འཛམ་གླིང་གི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་གྲས་ཡིན་ལ། དགེ་སྡིག་གསལ་བར་ཕྱེས་པའི་ངག་རྒྱུན་དང་གཏམ་རྒྱུད་དག་གཞིར་བཟུང་སྟེ་རྣ་བར་སྙན་ཞིང་འཇེབས་པའི་གླུ་སྒྲ་དང་ཡང་ཞིང་སྐྱེན་པའི་བྲོ་གར་ལ་བརྟེན་ནས་འཛམ་གླིང་དུ་གྲགས།  དེ་ལ་བོད་ཀྱི་རིག་གནས་འགྱུར་རྡོ་གསོན་པོ་ཞེས་ཀྱང་བཤད་སྲོལ་ཡོད། པར་རིས་ནི་ཕོ་བྲང་ནོར་བུ་གླིང་གར་ལྷ་མོའི་ཟློས་གར་འཁྲབ་བཞིན་པ་དེར་འཁྲབ་སྟོན་པའི་ལུས་ཟོར་ཡང་ཞིང་ཉམས་འགྱུར་ཕྱུག་པའི་རྣམ་པ་དེ་ཡིན།

          ཞོ་སྟོན་གྱི་སྐབས་སུ་ལྷ་མོའི་ཟློས་གར་འཁྲབ་པའི་སྲོལ་རྒྱུན་འདི་ནི་དུས་རབས་བཅུ་བདུན་པའི་དུས་མཇུག་ནས་བྱུང་ཡོད།   ལྷ་མོ་ཟློས་གར་ལ་མགྲིན་པ་གཟེངས་སུ་བཏེགས་པའི་གཞས་གདངས་དང་། སྡིག་སྤོང་དགེ་སྦྱོར་གྱི་ཁ་བརྡ། མཚར་ཉམས་བཀྲག་མདངས་ལྡན་པའི་ཞལ་འབག   གནའ་བོའི་སྲོལ་རྙིང་གི་གྱོན་ཆས། ཉམས་བརྒྱ་གཅིག་འདུས་ཀྱི་སྟངས་སྟབས་བཅས་ཡོད་པའི་ཁར་ལོ་ངོ་བརྒྱ་ཕྲག་དུ་མའི་སྦྱོང་བརྡར་ཁྲོད་ནས་རྨང་གཞི་སྲ་ཞིང་བརྟན་ལ་འགུག་ཤུགས་དཔག་པར་དཀའ་བའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཀྱང་ངང་གིས་བྱུང་ཡོད། པར་རིས་ནི་ཕོ་བྲང་ནོར་བུ་གླིང་གར་ལྷ་མོའི་ཟློས་གར་འཁྲབ་བཞིན་པ་དེར་ཉམས་བརྒྱ་གཅིག་ཏུ་འདུས་པའི་སྟངས་སྟབས་ཡོད་པ་དེ་ཡིན།
 
          བོད་ཀྱི་ལྷ་མོའི་ཟློས་གར་ལ་རིག་གནས་ཀྱི་གྲུབ་ཆ་དུ་མ་ཞིག་འདུས་ཤིང་འདི་དག་གི་ཁྲོད་ནས་བོད་རིགས་མང་ཚོགས་རྣམས་ཀྱིས་སྡིག་སྤོང་དགེ་སྦྱོར་བྱས་བདེ་ཞིང་སྐྱིད་པའི་འཚོ་བའི་དཔལ་ལ་རེ་སྙེག་བྱེད་པའི་རིན་ཐང་ལྟ་བ་དེ་མངོན་པར་མཆིས། པར་རིས་ནི་ཕོ་བྲང་ནོར་བུ་གླིང་གར་ལྷ་མོའི་ཟློས་གར་འཁྲབ་བཞིན་པ་དེར་གར་མཁན་རྣམས་ཀྱི་ལུས་ཀྱི་ཉམས་འགྱུར་སྐྱེན་ཞིང་གཞས་གདངས་ཀྱི་མཛེས་པ་ཀུན་ནས་མངོན་ཚུལ་དེ་ཡིན།
 

          དཔལ་འབྱོར་འཛམ་གླིང་ཅན་དུ་ཁ་ཕྱོགས་པའི་དེང་སང་ཀྲུང་ཧྭ་ཤེས་རིག་གི་ཁྱད་ཆོས་བླ་ལྷག་ཏུ་ལྡན་པའི་གྲངས་ཉུང་མི་རིགས་ཀྱི་ཟློས་གར་རིག་གནས་འདི་ལ་ས་གནས་ཀྱི་ཟློས་གར་རྒྱུན་འཛིན་པ་སྟེ་དམངས་ཁྲོད་ཀྱི་ཟློས་གར་ཚོགས་པ་དང་ཆེད་ལས་ཀྱི་ཟློས་གར་ཚོགས་པར་བོད་ལྗོངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེར་བྱེད་ཀྱི་ཡོད། ད་ལྟའི་དམངས་ཁྲོད་ཟློས་གར་ཚོགས་པ་དེ་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་ལས་ཀ་མགོ་རྩོམ་པའི་སྐབས་སུ་ཚོགས་པ་40མི་ལོངས་པ་ཙམ་ནས་ཚོགས་པ་140ལྷག་ཏུ་འཕེལ་ཡོད།  

པར་རིས་ནི་ཕོ་བྲང་ནོར་བུ་གླིང་གར་ལྷ་མོའི་ཟློས་གར་འཁྲབ་སྐབས་གར་མཁན་མཛེས་མས་མི་སེམས་འགུལ་བའི་གྲེ་འགྱུར་མངོན་པའི་ཚུལ་ཡིན། 

          ཉེ་བའི་ལོ་ཤས་རིང་བོད་ཀྱི་ལྷ་མོའི་ཟློས་གར་ལ་སྲུང་སྐྱོབ་དང་རྒྱུན་འཛིན་བྱས་ཡོད་པ་མ་ཟད་ཟློས་གར་འཁྲབ་གཞུང་གསར་པ་སྐོར་ཞིག་ཀྱང་བྱུང་ཡོད་པས་སྐྱེ་ཕོ་མོ་རྒན་དར་གཞོན་གསུམ་གང་ཡིན་རུང་དེ་ལ་དགའ་བསུ་དང་དོ་སྣང་བྱེད་ཀྱི་ཡོད།  པར་རིས་ཁྲོད་ན་གཞོན་ལྟད་མོ་བ་རྣམས་ཀྱི་མིག་དབང་ལྷ་མོའི་ཟློས་གར་གྱིས་ཡོངས་སུ་འཕྲོག་ཡོད།

          བོད་རིགས་བགྲོས་སོང་ཞིག་གིས་ལྷ་མོའི་ཟློས་གར་གྱི་གཏམ་རྒྱུད་མི་ཀུན་གྱིས་མཁྱེན་གྱི་ཡོད་ཅེས་གསུངས།  ན་གཞོན་རྣམས་ཀྱིས་རྒན་རབས་པ་ཚོ་ནང་བཞིན་གནའ་བོའི་གདངས་དབྱངས་རེ་རེ་བཞིན་དུ་གོ་བ་ལེན་པར་དཀའ་ནའང་འཁྲན་སྟོན་པ་རེ་རེའི་སྣང་བརྙན་ཡིད་ལ་གསལ་ལེར་ཡིན་ཞིང་བྱིས་པ་རྣམས་ཀྱིས་ཟློས་གར་ལ་ལྟད་མོ་བལྟ་བ་ནི་ཕྱིའི་ཆ་བྱད་རྣམས་ལ་རོལ་མྱོང་བྱེད་པ་ཙམ་ཡིན།

          སྐབས་འདིའི་བོད་ཀྱི་ལྷ་མོའི་ཟློས་གར་འཁྲབ་སྟོན་ནི་བོད་ལྗོངས་ཀྱི་ཟློས་གར་སྲུང་སྐྱོབ་བྱས་པའི་གྲུབ་འབྲས་མངོན་པར་མཚོན་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཡོངས་ཀྱི་ལྷ་མོའི་ཟློས་གར་འཁྲབ་རྩལ་བརྗེ་རེས་བྱེད་པར་གར་སྟེགས་ཤིག་བསྐྲུན་ནས་ཟློས་གར་སྒྱུ་རྩལ་གྱི་མཛེས་པ་མངོན་པ་ཞིག་ཀྱང་ཡིན། པར་རིས་ནི་ཕོ་བྲང་ནོར་བུ་གླིང་གར་ལྷ་མོའི་ཟློས་གར་འཁྲབ་སྐབས་གཟབ་ཆོས་སྤྲས་པའི་གར་མཁན་མ་འཇོ་སྒེག་ཉམས་ཀྱིས་ཕྱུག་པའི་ཚུལ་ཡིན།

          སྲོལ་རྒྱུན་གྱི་འགྲོ་ལུགས་ལྟར་ཐེངས་འདིའི་ཟློས་གར་སྒོ་འབྱེད་འཁྲབ་སྟོན་ལའང་ཆུ་ཤུར་ཞལ་རོང་འབྲོང་རྩེ་དང་སྙེ་མོ་ཐ་རོང་ལྷ་མོ་ཚོགས་པ་གཉིས་བདམས་ཡོད། པར་རིས་ནི་ཕོ་བྲང་ནོར་བུ་གླིང་གར་ལྷ་མོའི་ཟློས་གར་འཁྲབ་སྐབས་གཞོན་ནུ་མས་རྒན་རབས་ལ་ཕྱག་ཟུང་ཐལ་མོ་སྦྱར་ནས་གུས་པ་མཚོན་པའི་ཚུལ་ཡིན།

          གཞན་ཡང་ལྷ་སའི་ཞོལ་གྱི་ལྷ་མོའི་ཚོགས་པ་དང་།  བོད་ལྗོངས་གདངས་རྙིང་ཟློས་གར་ཚོགས་པ། མལ་ཏྲོ་གོང་དཀར་ཕྱེ་མར་ཁ་ཟློས་གར་ཚོགས་པ། གཞིས་ཀ་རྩེ་ངམ་རིང་ཆིག་བོ་ཟློས་གར་ཚོགས་པ། གཞིས་ཀ་རྩེ་སྣམ་གླིང་ཁོང་འུ་ཟློས་གར་ཚོགས་པ། ལྷོ་ཁ་གྲ་ནང་ར་འགྲིན་སྒང་ཟློས་གར་ཚོགས་པ།  ལྷོ་ཁ་སྣེ་གདོང་ཤར་གོ་ཟློས་གར་ཚོགས་བཅས་དམངས་ཁྲོད་ཟློས་གར་ཚོགས་པ་བདུན་གྱིས་རང་གི་འཇོན་ཐང་ལྟར་རྣམ་ཐར་ཆེན་མོ་བརྒྱད་འཁྲབ་སྟོན་བྱས། པར་རིས་ནི་ཕོ་བྲང་ནོར་བུ་གླིང་གར་ལྷ་མོའི་ཟློས་གར་འཁྲབ་སྐབས་འབྲོག་པའི་གར་གྱི་ལྡེམ་མྱུར་སྟོན་པ་དེ་ཡིན།

          ཤེས་རྟོགས་བྱུང་བ་ལྟར་ན་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་སོ་སོ་ནས་འོས་སྦྱོར་དང་ཆེད་མཁས་པས་ཞིབ་བཤེར་བྱས་པའི་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་རྣམས་ཟླ་8པའི་ཚེས་26ཉིན་མང་ཚོགས་སྒྱུ་རྩལ་ཁང་གི་ལྗོངས་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས་ཀྱི་གར་སྟེགས་སྟེང་ནས་སྐབས་གསུམ་པའི་བོད་ཀྱི་ལྷ་མོའི་ཟློས་གར་འགུགས་དབྱངས་འགྲན་སྡུར་དང་བྱ་དགའ་སྤྲོད་པའི་བྱ་འགུལ་སྤེལ་རྒྱུ་རེད།  པར་རིས་ནི་ཕོ་བྲང་ནོར་བུ་གླིང་གར་ལྷ་མོའི་ཟློས་གར་འཁྲབ་སྐབས་ཆུང་མས་གཡག་རྒོད་ཀྱིས་རྡུང་བའི་འབྲོག་པ་སྐྱོར་བའི་ཚུལ་ཡིན།

          ཟླ་9པའི་ཚེས་7ནས་ཚེས་9ཉིན་གྱི་དགུང་མོར་ལྗོངས་ཟློས་གར་ཚོགས་པས་གྲ་སྒྲིག་བྱས་པའི་«སྣང་ས་འོད་འབུམ»དེ་ལྗོངས་ཟློས་གར་སྒྱུ་རྩལ་ལྟེ་གནས་སུ་འཁྲབ་སྟོན་བྱེད་རྒྱུ་རེད། སྐབས་དེར་བོད་ཀྱི་ཟློས་གར་སྒྱུ་རྩལ་འགྲེམས་སྟོན་ཚོམས་ཆེན་ཡང་ལྟད་མོ་བ་རྣམས་ལ་སྒོ་འབྱེད་རྒྱུ་ཡིན། པར་རིས་ནི་ཕོ་བྲང་ནོར་བུ་གླིང་གར་ལྷ་མོའི་ཟློས་གར་འཁྲབ་སྐབས་གཡག་རྒོད་བག་ལྷོད་ངང་ངལ་གསོ་བའི་ཚུལ་ཡིན།

          ད་ལོའི་ཞོ་སྟོན་དུས་ཆེན་སྐབས་ཀྱི་རིག་གནས་བྱ་འགུལ་ནི་“རིག་གནས་ཀྱི་དགྱེས་སྟོན། མི་དམངས་ཀྱི་དུས་ཆེན”ཞེས་པའི་དགོངས་པ་ལྟར་བོད་ལྗོངས་ཀྱི་ས་ཁུལ་སོ་སོ་ནས་སླེབས་པའི་དམངས་ཁྲོད་ལྷ་མོའི་ཟློས་གར་གྱི་སྒྱུ་རྩལ་པ་དང་ཆེད་ལས་འཁྲབ་སྟོན་པ་400ཙམ་གནས་གཅིག་ཏུ་འདུས་ནས་བློ་རྩེ་གཅིག་སྒྲིམ་གྱིས་འཁྲབ་སྟོན་གྱི་ལས་སུ་ཞུགས། འདི་ལས་བོད་ཀྱི་ལྷ་མོའི་ཟློས་གར་གྱི་སྲུང་སྐྱོབ་གྲུབ་འབྲས་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གསལ་བར་མཚོན་ལ། རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་བ་རྣམས་ལ་ཉིན་བདུན་རིང་གི་རིག་གནས་དགྱེས་སྟོན་བཤམས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་འཐུས་མི་ཚོགས་ཆེན་འཚོག་པ་ལ་བཀྲ་ཤིས་ཞི་མཐུན་གྱི་རིག་གནས་འཁོར་ཡུག་ཅིག་ཀྱང་བསྐྲུན་ཡོད། པར་རིས་ནི་ཕོ་བྲང་ནོར་བུ་གླིང་གར་ལྷ་མོའི་ཟློས་གར་འཁྲབ་སྐབས་འབྲོག་པས་གཡག་རྒོད་གཡུང་ལ་བཏུལ་བའི་ཚུལ་ཡིན།

ཕོ་བྲང་ནོར་བུ་གླིང་གར་ལྷ་མོའི་ཟློས་གར་འཁྲབ་སྐབས་རོལ་མོ་བས་རྔ་སྦུག་རྡུང་བའི་ཚུལ་ཡིན།

ལྟད་མོ་བ་རྣམས་ལྷ་མོས་ཟློས་གར་གྱི་བྱུང་རིམ་སྐྱིད་པོས་དགོད་སྒྲ་ལྷང་ལྷང་བྱུང་བའི་ཚུལ་ཡིན།

ལྟད་མོ་བ་རྣམས་ཀྱིས་ལྷ་མོའི་ཟློས་གར་གྱི་འཁྲབ་སྟོན་ཁ་པར་ནང་དུ་བརྙན་ལེན་པའི་ཚུལ་ཡིན།

བྱིས་པ་རྣམས་ཀྱང་ལྷ་མོའི་ཟློས་གར་གྱིས་ཡིད་དབང་འཕྲོག་ནས་དེ་ལ་རྩེ་གཅིག་གིས་རོལ་བའི་ཚུལ་ཡིན།

རྫོང་རྒྱབ་ཀླུ་ཁང་དུ་ལྷ་མོའི་ཟློས་གར་འཁྲབ་བཞིན་པར་ལྟད་མོ་བ་ཡིས་མཐའ་ནས་བསྐོར་བའི་ཚུལ་ཡིན།

རྫོང་རྒྱབ་ཀླུ་ཁང་དུ་ལྷ་མོའི་ཟློས་གར་འཁྲབ་བཞིན་པར་ལྟད་མོ་བ་ཡིས་མཐའ་ནས་བསྐོར་བའི་ཚུལ་ཡིན།

ཕོ་བྲང་ནོར་བུ་གླིང་གའི་ནང་དུ་མི་རྣམས་གླིང་གའི་སྐྱིད་སྣང་ལ་རོལ་སྐབས་འབྲི་ཞོ་ནི་མེད་དུ་མི་རུང་བའི་ཚུལ་ཡིན།

ཕོ་བྲང་ནོར་བུ་གླིང་གའི་ནང་དུ་མི་རྣམས་གླིང་གའི་སྐྱིད་སྣང་ལ་རོལ་ཞིང་བཀྲ་ཤིས་བདེ་སྐྱིད་མཚན་མ་ཀུན་ནས་ཤར་བའི་ཚུལ་ཡིན།  






དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1