ལི་ཁེ་ཆང་གིས་རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩ་ལས་ཁུངས་ཀྱི་འགན་འཁུར་བ་གཙོ་བོ་དང་མཉམ་དུ་གྲོས་མོལ་ཚོགས་འདུ་བསྡུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་བ། སྤེལ་དུས། 09-13


        ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིང་དུ་རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩ་ལས་ཁུངས་ཀྱི་འགན་འཁུར་བ་གཙོ་བོ་དང་མཉམ་དུ་གྲོས་མོལ་ཚོགས་འདུ་བསྡུས། འཛམ་གླིང་དངུལ་ཁང་གི་འགོ་གཙོ་ཅིན་ཡུང་དང་རྒྱལ་སྤྱིའི་དངུལ་བུན་ཐེབས་རྩ་རྩ་འཛུགས་ཀྱི་འགན་འཛིན་པ་ལ་ཅ་ཏི། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཨ་ཙི་ཝེ་ཏོ། རྒྱལ་སྤྱིའི་ངལ་རྩོལ་བཟོ་བའི་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ལེ་ཏི། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ལེ་ཡ། དངུལ་རྩ་བརྟན་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁ་ཉི་བཅས་ཚོགས་འདུར་ཞུགས།
        ཚོགས་ཐོག་ཏུ་ལི་ཁེ་ཆང་གིས་གྲོས་གཞི་ལྔ་བཏོན། གཅིག རྒྱལ་ཁབ་སོ་སོས་སྐྱིད་སྡུག་མཉམ་མྱོང་རྒྱུན་འཁྱོངས་བྱས་ཏེ། སྣེ་མང་རིང་ལུགས་དང་འཛམ་གླིང་ཅན་གྱི་འཕེལ་ཕྱོགས་ཆེན་པོ་དང་མཐུན་པར་བྱེད་པ་དང་། རྒྱལ་སྤྱིའི་སྒྲིག་སྲོལ་བརྩི་སྲུང་དང་འཐུས་ཚང་དུ་གཏོང་དགོས་པར་མ་ཟད་ཆེ་ཕྱོགས་དཔལ་འབྱོར་སྲིད་ཇུས་ལ་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་དགོས། གཉིས། སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་ལམ་ལུགས་གསར་སྐྲུན་ལ་ཤུགས་བསྣན་ཏེ། ལམ་ལུགས་རང་བཞིན་གྱི་བརྗེ་རེས་མ་རྩ་ཇེ་དམའ་རུ་གཏོང་བ་དང་། ལས་སྤེལ་གསར་སྐྲུན་གསོན་ཤུགས་ཇེ་ཆེར་གཏང་དགོས་ལ། གསར་དར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་ངལ་རྩོལ་ཐོན་སྐྱེད་ནུས་པ་ཇེ་ཆེར་གཏོང་དགོས་པར་མ་ཟད་སྔར་ལས་བཟང་བའི་སྒོ་ནས་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱ་དགོས། གསུམ། རང་མོས་ཉོ་ཚོང་རྨང་གཞི་ཡིན་པའི་སྣེ་མང་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོབ་བྱེད་དགོས། བཞི། འཛམ་གླིང་དཔལ་འབྱོར་འཕར་སྣོན་གྱི་བཟོད་སྒོམ་རང་བཞིན་ཇེ་དྲག་ཏུ་བཏང་སྟེ་འཕེལ་རྒྱས་ཀྱི་འདྲ་མཉམ་རང་བཞིན་དང་ཀུན་ཕན་རང་བཞིན་ཇེ་དྲག་ཏུ་གཏང་དགོས། ལྔ། དངུལ་རྩའི་ལྟ་སྐུལ་དོ་དམ་དང་བཅོས་སྒྱུར་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། དངོས་གཟུགས་དཔལ་འབྱོར་འཕེལ་རྒྱས་དང་དངུལ་རྩའི་ཉེན་ཁ་འགོག་སྲུང་བྱེད་པ་གཙོར་བཟུང་ནས། ཆེ་ཕྱོགས་ཀྱི་ཞིབ་བཤེར་དོ་དམ་དང་གོ་རིམ་རང་བཞིན་གྱི་ཉེན་ཁ་འགོག་སྲུང་ལ་ཤུགས་སྣོན་དགོས་པ་བཅས་རེད། །
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1