བོད་ཀྱི་སྲོལ་རྒྱུན་རི་མོ་ལས་ཚེ་རིང་རྣམ་དྲུག་གི་མཚོན་དོན་མདོར་ཙམ་བཤད་པ།

དབང་ཆེན་གྱིས་བྲིས། སངས་རྒྱས་ཀྱིས་པར་མཁོ་འདོན་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-28


      

          རང་རེ་བོད་ཀྱི་སྲོལ་རྒྱུན་རི་མོ་གང་ཡིན་རུང་དེ་དག་གི་མཚོན་དོན་གང་ཡིན་གསལ་པོར་ཤེས་པར་བྱ་བ་ནི་མེད་དུ་མི་རུང་བ་ཞིག་ཡིན། བྱེ་བྲག་ཏུ་ཚེ་རིང་རྣམ་དྲུག་གི་རི་མོ་འདི་མི་རིགས་སྤྱིའི་དམངས་སྲོལ་དང་ཆོས་ལུགས་གཉིས་ཀྱི་ངོས་ནས་གལ་ཆེན་དུ་འཛིན་པའི་རི་མོའི་འབྲི་རྒྱུན་གྱི་སྲོལ་མ་ཉམས་པར་ལག་ལེན་དུ་བསྟར་བཞིན་ཡོད་པས། རི་མོ་འདིའི་ཐོག་མར་འབྲི་སྲོལ་ཇི་ལྟར་བྱུང་བ་དང་། བར་དུ་དེ་དག་གི་མཚོན་དོན་རྣམས་རིམ་པ་ལྟར་གསལ་བར་འགོད་པ། དང་པོ་ཚེ་རིང་རྣམ་དྲུག་གི་རི་མོའི་འབྲི་སྲོལ་འདི་ཐོག་མར་ཇི་ལྟར་བྱུང་ཞེ་ན་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་རང་བྱུང་རིག་པའི་ཡེ་ཤེས་མངོན་དུ་གྱུར་པའི་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་དེ་ཉིད་ཐུགས་ཞི་བ་ཆེན་པོ་ཆོས་ཀྱི་དབྱིངས་མཉམ་པར་ཉིད་ཀྱི་ངང་ལས་མ་གཡོས་བཞིན་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་རང་སྣང་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་ཉིད་ལས་མི་གཞན་པའི་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བའི་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཞིང་ལོངས་སྤྱོད་རྫོགས་པའི་སྐུ་བཞེངས་ནས་རིག་རྩལ་ཐུགས་རྗེའི་འགག་མེད་ཀྱི་རྣམ་རོལ། ཚེའི་རིག་འཛིན་གྲུབ་པ་ཆེན་པོའི་ཐུགས་རྗེ་དང་བྱིན་རླབས་ལས་འཕོས་པའི་གནས་མཆོག་མ་ཧཱ་ཙི་ནའི་རྣམ་དག་བདེ་བ་ཆེན་པོའི་ཚལ་ཞེས་དབེན་ཞིང་ཉམས་དགའ་བའི་ཡུལ་དེའི་དབུས་སུ། རང་བཞིན་ལྷུན་གྱིས་གྲུབ་པའི་དུང་དཀར་གཡས་སུ་འཁྱིལ་བའི་དབྱིབས་དང་ལྡན་པའི་བྲག་རི་ལྷུན་པོའི་སྤོ་དང་མཉམ་པའི་མདུན་དུ་དྭངས་བསིལ་ཡན་ལག་བརྒྱད་ལྡན་གྱི་ཆུ་བོའི་འབབ་རྒྱུན་ལྷུང་ལྷུང་བཞུར་ཞིང་། བྲག་རི་དེའི་དྲུང་དུ་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བརྙེས་པའི་དྲང་སྲོང་ཆེན་པོ་སྨ་ར་དང་སྨིན་མ་དུང་ལྟར་དཀར་ཞིང་བཞིན་རས་དཀར་ལ་དམར་བའི་མདངས་ལ་འཛུམ་ཟེར་ཅུང་ཟད་འཕྲོ་བའི་ཉམས་དང་ལྡན་པ། ཕྱག་གཡས་ཀ་པེད་ཀྱི་ཚེ་བུམ་དར་གྱི་མགུལ་ཆིངས་ཀྱིས་བརྒྱན་པའི་འཁར་བ་བསྣམས་ཤིང་། གཡོན་མི་ལོ་སྟོང་ལས་སྨིན་ཞིང་ཚེ་བསྲིང་བར་བྱེད་པའི་ལྷའི་ཁམ་བུ་སྦྱིན་པའི་ཚུལ་དུ་བཞུགས་པ། དྲང་སྲོང་དེའི་ཐུགས་རྗེ་དང་བྱིན་རླབས་ལས་གྲུབ་པའི་རྒྱབ་ཀྱི་བྲག་རི་དེ་ལས་ཚེ་ཡི་དངོས་གྲུབ་ཀྱི་བདུད་རྩིའི་བཅུད་ལེན་ཆུ་བོ་ཡན་ལག་བརྒྱད་ལྡན་ཞིག་རྒྱུན་མི་ཆད་པ་འབབ་ཅིང་སྐྱེ་དགུའི་ཚེ་སྲོག་གི་རྟེན་ལ་འཚོ་བའི་རྒྱུན་སྲིང་བར་བྱེད་པ། དྲང་སྲོང་དེའི་སྐུ་རྒྱབ་ཏུ་བསིལ་གདུགས་ལྟར་ལྗོན་ཤིང་ཆེན་པོ་རྩ་བ་བརྟན་ཞིང་ཡལ་འདབ་ལ་འབྲས་བུ་དང་མེ་ཏོག་གི་ཁུར་གྱིས་དུད་པ་དང་རབ་ཏུ་བརྒྱན་པས་སྐྱེ་འགྲོའི་ལས་ཉོན་གྱི་ཚ་གདུང་སེལ་བའི་གྲིབ་བསིལ་ཏུ་གྱུར་པ་དང་། དེའི་བསིལ་གྲིབ་ལ་རེག་པ་དང་འབྲས་བུ་ལ་ལོངས་སྤྱོད་དེ་རོ་མྱོང་བ་ཙམ་གྱིས་ཚེའི་འདུ་བྱེད་རིང་དུ་བསྲིང་བ་བྱེད་ཅིང་འགྲོ་བ་ལྷ་དང་བཅས་པའི་གསོས་སྨན་དུ་གྱུར་པ། དྲང་སྲོང་ཆེན་པོ་དེ་ཡིས་རྟག་པར་ཆོས་ཀྱི་སྦྱིན་པ་དང་ཟང་ཟིང་གི་སྦྱིན་པ། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ། ཏིང་ངེ་འཛིན་བྱམས་པའི་སྦྱིན་པ་སོགས་སྦྱིན་པ་རྣམ་བཞིའི་གཡབ་མོས་གདུལ་བྱ་མགྲོན་དུ་འགུག་པའི་འདབ་ཆགས་བྱའི་ཚོགས་ཏེ་མཛེས་ཤིང་ལྟ་ན་སྡུག་པའི་ལྷ་བྱ་ཁྲུང་ཁྲུང་དཀར་མོ་གཉིས་ཀྱིས་དྲང་སྲོང་དེའི་ཕྱག་ཏུ་བཟུང་བའི་སྡེར་མ་འབྲུ་ཡིས་བཀང་བ་ལ་མགྲིན་པ་བཏེགས་ཤིང་ཕྲ་ལ་རིང་བའི་རྐང་པའི་སོར་མོ་རྣམས་གསེར་གྱི་འཁོར་ལོ་ལྟར་དྲ་བས་སྦྲེལ་བ་དང་དཀར་ནག་ཕྱེད་མའི་རྒྱན་གྱིས་སྤྲས་པའི་མཇུག་མ་དང་གཤོག་པ་རྒྱང་ནས་རིན་ཆེན་བྱུ་རུ་དམར་པོའི་མདངས་ལ་འཁུ་བའི་གཙུག་ཕུད་ཏོག་ལྟར་མཛེས་རྒྱན་དུ་སྤུད་པ། ནེའུ་གསེང་གཡུ་ཡི་མནྜལ་བཤམས་འདྲའི་གནས་དེ་རུ་རི་དྭགས་ཤྭ་བ་རྭ་བཅུའི་ཡལ་འདབ་ཡོངས་སུ་རྒྱས་པ་ཡུ་མོ་དང་འགྲོགས་ནས་གནས་གཅིག་ཏུ་བག་ཕེབས་སུ་རོལ་བཞིན་དྲང་སྲོང་དེའི་བྱིན་རླབས་ཀྱིས་ཚེ་ལ་དབང་ཐོབ་ཅིང་རང་བྱུང་གི་རྩྭ་ཆུ་ལ་ཅི་དགར་ལོངས་སུ་སྤྱོད་པའོ། །གོང་གི་དོན་དེ་དག་ལ་བརྟེན་ནས་ཆོས་ལུགས་དང་དམངས་སྲོལ་སོགས་རིག་གནས་ཀྱི་མ་ལག་ལྟར་ཆགས་ནས་ད་ལྟའི་བར་རྟེན་འབྲེལ་གྱི་དོན་མཚོན་པར་བྱེད་པའི་ལག་ལེན་དུ་བསྟར་བ་ནི་ཐོག་མར་ཇི་ལྟར་བྱུང་བ་མདོ་ཙམ་བརྗོད་པ་བྱས་པ་ཡིན་ནོ།། གཉིས་པ་དེ་དག་གི་མཚོན་དོན་བཤད་པ་ལ་རྩ་བའི་རི་མོ་དྲུག་རིམ་པ་བཞིན་འོག་ནས་འབྱུང་བ་ལྟར་ཏེ།

བྱ་ཚེ་རིང་།

རབ་གསལ་སྤྲིན་དཀར་དུམ་བུ་ས་ལ་ལྷུང་འདྲའི་ལྷ་བྱ་ཁྲུང་ཁྲུང་དཀར་མོའི་ཞབས་སོར་གསེར་གྱི་འཁོར་ལོའི་མུ་ཁྱུད་རྩིབས་ཀྱིས་བཀྲ་བ་དང་གཤོག་ཟུང་གདུགས་གུར་ཕུབ་པའི་ལྡིང་ཁང་ན་ཚེ་རིང་གནམ་གྱི་ཀ་བ་ཁྲུང་ཁྲུང་གི་མགྲིན་པ་གྱེན་དུ་བཏེགས་པ་ནི་དྲང་སྲོང་དེའི་སེར་སྣའི་དྲི་མས་མ་གོས་པའི་སྦྱིན་པའི་གཡབ་མོས་མགྲོན་དུ་ཉེ་བར་ཁུགས་ནས་འཁོར་གསུམ་ཡང་དག་གི་ལྟ་བས་རྒྱན་པའི་ཆོས་དང་ཟང་ཟིང་གི་སྦྱིན་པ་ལ་དགྱེས་པར་རོལ་བཞིན་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ཀྱིས་རྒྱུད་བརླན་པར་བྱས་ཤིང་བསྡུ་དངོས་བཞིའི་འཁོར་གདུལ་བྱ་སྨིན་པ་བྱས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དོན་མཚོན་པ་ཡིན་ནོ། །


ཤིང་ཚེ་རིང་།

རབ་བརྟན་མྱ་ངན་མེད་པའི་ཚེ་རིང་ལྗོན་ཤིང་ཆེན་མོ་ནི་རྩ་བ་རབ་ཏུ་བརྟན་ཞིང་རྩེ་མོར་ཡལ་འདབ་ཕྱོགས་བཅུར་རྒྱས་པའི་བསིལ་གྲིབ་ཀྱིས་འཁོར་བའི་སེམས་ཅན་རྣམས་ཀྱི་ལས་དང་ཉོན་མོངས་པའི་སྡུག་བསྔལ་གྱི་ཚ་གདུང་ལས་ཡོངས་སུ་སྐྱོབ་པར་བྱེད་ཅིང་གཞན་གནོད་གཞི་དང་བཅས་པ་སྤངས་ཏེ་འགོག་ལམ་གྱིས་བསྡུས་པའི་བདེན་པ་བཞིའི་ཞི་བསིལ་གྱི་ཆོས་ལ་ལོངས་སྤྱོད་དེ་རང་འབྲས་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱེད་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མཚོན་པ་ཡིན་ནོ། །

ཤྭ་བ་ཚེ་རིང་།

ཁོར་ཡུག་ལྗོན་ཤིང་དང་མེ་ཏོག་སྣ་ཚོགས་པས་རྒྱན་གྱིས་བརྒྱན་པའི་ར་བ་ས་ཕྱོགས་དབེན་ཞིང་ཉམས་དགའ་བའི་གནས་སུ་དགེ་བ་བཅུ་ཡིས་ལས་ཀྱི་ལམ་ཡང་དག་པར་ཞུགས་ཏེ་བག་ཕེབས་སུ་རྒྱུ་བའི་སྤུ་སྡུག་རི་དྭགས་ཀྱི་ཚོགས་ཤྭ་བ་རྭ་བཅུ་དང་ཡུ་མོ་སོགས་རིགས་མཐུན་རྣམས་བདག་པོའི་ཡོངས་སུ་མ་བཟུང་བའི་རྩྭ་དང་རྩི་ཏོག་མཚོ་དང་མཚེའུ་མེ་ཏོག་གི་རྫིང་བུ་དང་ལྟེང་ཀ་སོགས་ང་དང་བདག་ཏུ་འཛིན་པ་མེད་པར་ཇི་དགར་འཇུག་ཅིང་ལོངས་སུ་སྤྱོད་པ་དང་། ཕན་ཚུན་བརྩེ་བའི་གྲོགས་སུ་བཟུང་ནས་ཞེ་སྡང་དང་ཁྲོ་བའི་རྣམ་རྟོག་རང་བཞིན་གྱི་ཞི་སྟེ་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོབ་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་དོན་མཚོན་པ་ཡིན་ནོ། །

ཆུ་ཚེ་རིང་།

ཞུམ་མེད་དཔུང་ཚོགས་བཞིའི་དཔའ་ངར་དང་བརྩོན་འགྲུས་ཀྱི་རྩལ་བསྐྱེད་པར་བྱས་ནས། དྭངས་བསིལ་ཡན་ལག་བརྒྱད་ལྡན་ཆུ་བོའི་འབབ་རྒྱུན་གྱི་མཆོག་དང་ཐུན་མོང་གི་ཚེ་ཡི་དངོས་གྲུབ་འབད་མེད་ལྷུན་གྲུབ་དུ་སྩོལ་བར་མཛད་པ་དང་། ཐོས་བསམ་སྒོམ་གསུམ་གྱི་དགེ་བའི་ལས་ལ་སྤྲོ་བས་དྲངས་པའི་བརྩོན་པའི་གོ་ཆ་བགོས་ཤིང་། སྒྱིད་ལུག་དང་སྙོམས་ལས་བྱ་བ་ངན་ཞེན་སོགས་ལེ་ལོ་དང་བག་མེད་ཀྱི་གཞན་དབང་དུ་མི་གཏོང་བར་བརྩོན་འགྲུས་ཀྱི་མེ་ཡིས་སྡིག་པའི་བུད་ཤིང་མ་ལུས་པ་ལྷག་མེད་དུ་སྲེག་པར་བྱེད་ཅིང་། ལས་དང་རྣམ་སྨིན་གྱི་སྡིག་པ་དང་སྡུག་བསྔལ་ཡོངས་སུ་འཁྲུད་པར་བྱེད་པའི་དྭངས་གཙང་གི་འབབ་ཆུའི་ཆུ་བོ་ཡན་ལག་བརྒྱན་ལྡན་ཆུ་བོའི་རྒྱུན་གྱིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མཚོན་པ་ཡིན་ནོ། །

བྲག་ཚེ་རིང་།

ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་བྱིན་རླབས་ལས་རིན་ཆེན་གཏེར་གྱིས་གཏམས་པའི་དངུལ་དཀར་གྱི་བྲག་རིའི་ཁང་བཟང་ཆོས་དུང་དཀར་པོ་གཡས་སུ་འཁྱིལ་བའི་དབྱིབས་རང་བྱུང་དུ་གྲུབ་པའི་བསམ་གཏན་དང་ཏིང་ངེ་འཛིན་གྱི་རྟོགས་པ་སྐྱེ་བའི་བསྟི་གནས་ཁྱད་པར་ཅན་ཉིན་མོར་མི་ཡི་རྒྱུ་འགྲུལ་དང་མཚན་མོ་སྒྲ་ཡི་ཅ་ཅོ་མེད་པར་གནས་དེར་སླེབས་མ་ཐག་འཁོར་བས་བསྡུས་པའི་ལས་དང་ཉོན་མོངས་པའི་རྟོགས་པ་དལ་གྱིས་རང་འགགས་སུ་སོང་ནས་ཞི་གནས་དང་ལྷག་མཐོང་གི་ཏིང་ངེ་འཛིན་གྱི་ཉམས་དང་རྟོགས་པ་རྒྱུད་ལ་སྐྱེས་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་བསྙེག་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་དོན་མཚོན་པ་ཡིན་ནོ། །

མི་ཚེ་རིང་།

གོང་དུ་ཞུས་པ་ལྟར་རང་བྱུང་གི་རིག་པ་མངོན་དུ་གྱུར་པའི་དྲང་སྲོང་ཆེན་པོ་དེ་ཉིད་བབ་ཀྱིས་ཕྱི་ཀུན་རྫོབ་ཀྱི་སྣང་བའི་ཆོས་ཐམས་ཅད་དང་། ནང་ཕུང་པོ་ཁམས་དང་སྐྱེ་མཆེད། གསང་བ་རྟོགས་པའི་གྲྭ་ཟུར་ཐམས་ཅད་གདོད་ནས་རང་བཞིན་གྱིས་སྟོང་ཞིང་བདག་མེད་པ་ཁོང་དུ་ཆུབ་སྟེ་བདག་འཛིན་དང་རེ་དོགས་ཀྱིས་འཛིན་པའི་འཆིང་བ་ཀུན་ལས་རང་གྲོལ་དུ་སོང་ནས། དེ་ལྟར་མ་རྟོགས་པའི་རིགས་དྲུག་འཁོར་བའི་སེམས་ཅན་ཐམས་ཅད་ལ་འཁོར་གསུམ་རྣམ་པར་མི་རྟོག་པའི་ཤེས་རབ་ཆེན་པོ་དང་། ཐབས་ལ་མཁས་པའི་སྙིང་རྗེ་ཆེན་པོ་ཡ་མ་བྲལ་བའི་སྒོ་ནས་གནས་སྐབས་དང་མཐར་ཐུག་གི་བདེ་བའི་རྒྱུ་ལ་དམིགས་ཏེ་གདུལ་བྱའི་རྒྱུད་ཡོངས་སུ་སྨིན་ཅིང་གྲོལ་བར་བྱེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་མཚོན་པར་བྱས་པ་ཡིན་ནོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1