གཟི་ཡི་སྐེ་རྒྱན་སྤྲས་པའི་རྒྱལ་ཆེན་སྡེ་བཞིའི་ལྡེབས་རིས།——སྡེ་དགེའི་ཡེ་ན་དགོན་གྱི་ལྡེབས་རིས་རྙིང་པ།

དཀོན་མཆོག་རྡོ་རྗེས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-28


       

གཟི་ཡི་སྐེ་རྒྱན་སྤྲས་པའི་རྒྱལ་ཆེན་སྡེ་བཞིའི་ལྡེབས་རིས།

         ཁྱེད་རྣམ་པས་བོད་ཁུལ་གྱི་དགོན་སྡེ་ཁག་གི་འདུ་ཁང་གི་སྒོའི་གཡས་གཡོན་དུ་བྲིས་པའི་རྒྱལ་ཆེན་སྡེ་བཞི་དག་ལས་གཟི་ཡི་སྐེ་རྒྱན་སྤྲས་པའི་རྒྱལ་ཆེན་སྡེ་བཞིའི་ལྡེབས་རིས་མཐོང་མྱོང་ངམ།

གུ་རུ་རིན་པོ་ཆེའི་སྐྱེས་རབས། 

        ང་རང་ད་ལོའི་སྤྱི་ཟླ་བདུན་པའི་ནང་སྡེ་དགེའི་ཕྱོགས་སུ་པར་རྒྱག་ཏུ་འགྲོ་སྐབས་གསེར་ལྡན་འབྲི་ཆུ་ཕྱུག་མོའི་འགྲམ་ཟུར་དུ་ཆགས་པའི་སྡེ་དགེའི་ཡེ་ན་བཀྲ་ཤིས་ལྷ་རྩེ་ཐེག་མཆོག་ཆོས་ཀྱི་དགའ་ཚལ་བཤད་སྒྲུབ་དར་རྒྱས་གླིང་གི་འདུ་ཁང་རྙིང་པའི་སྒོ་ཆེན་གཡས་གཡོན་དུ་བཞེངས་པའི་རྒྱལ་ཆེན་སྡེ་བཞིའི་ལྡེབས་རིས་ནི་སྐེ་ལ་གཟི་དང་བྱུ་རུས་བརྒྱན་ཡོད་པ་ཞིག་མངོན་སུམ་མཐོང་སྣང་དུ་གྲུབ་པས་ཡ་མཚན་སྐྱེ་འོས་པའི་གནས་སུ་གྱུར།

སློབ་དཔོན་པདྨ་འབྱུང་གནས་ཀྱི་ལྡེབས་རིས།

        ལྷ་ཁང་ནང་གི་ལྡེབས་རིས་ལ་དེ་བས་རིན་ཐང་ཆེ་ཞིང་། རིག་གསར་དུས་འགྱུར་ཁྲོད་དུ་ཉམ་ཆགས་ཆེན་པོ་མ་ཐེབས་པར་ལུས་པའི་ལྡེབས་རིས་རྙིང་པ་ཤ་སྟག་ཡིན། ལྷ་ཁང་རྙིང་པའི་ནང་དུ་ལྡེབས་རིས་གཙོ་བོར་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ། དཔལ་ལྡན་ལྷ་མོ་འདོད་པ་ཁམས་ཀྱི་དབང་ཕྱུག་མ། མགོན་དཀར་ཡིད་བཞིན་གྱི་ནོར་བུ། དཔལ་རྡོ་རྗེ་འཇིགས་བྱེད། སྟོན་པ་ཐུབ་པའི་དབང་པོ་གཙོ་སྐུ་ལ་འཁོར་སྐྱེས་རབས། དགྲ་བཅོམ་ལྔ་བརྒྱའི་ཆ་ཤས་ཤིག ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་ཀྱི་ཆ་ཤས། ཆེ་མཆོག་ཧེ་རུ་ཀ ནོར་ལྷའི་རྒྱལ་པོ་རྣམ་ཐོས་སྲས། སྟེང་གི་རྒྱ་མཐོང་གི་དབུས་སུ་གཙོ་བོར་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལྗང་གུའི་གཡས་སུ་རྣམ་པར་རྒྱལ་མ་དང་གཡོན་དུ་ཚེ་དཔག་མེད་དེ་ཚེ་ལྷ་རྣམ་གསུམ་ལ་འཁོར་འཕགས་མ་ཉེར་གཅིག་ཚོགས་ཀྱིས་བསྐོར་བ། དེ་ནས་ཀུན་རིག་རྣམ་པར་སྣང་མཛད་ལ་འཁོར་རྩ་ལྷ་སོ་བདུན། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་གཙོ་སྐུ་བྱས་པའི་འཁོར་རྩ་བརྒྱུད་ཀྱི་བླ་མའི་ཚོགས། རྒྱ་མཐོང་ཕུག་གཡས་ཕྱོགས་ཀྱེེ་རྡོ་རྗེ། ས་ཆེན་ཀུན་དགའ་སྙིང་པོ་ལ་འཁོར་ལམ་འབྲས་ཀྱི་བླ་མ་བརྒྱུད་པའི་ཚོགས། ངོར་ཆེན་ཀུན་དགའ་བཟང་པོ་ལ་འཁོར་རྩ་བ་དང་བརྒྱུད་པའི་བླ་མའི་ཚོགས་ཀྱིས་བསྐོར་བའོ།། གཞན་ཡང་དབྱར་གནས་ལྷ་ཁང་གཡོན་ནས་ཆོས་སྐྱོང་སྐོར་དང་། སྒྲོལ་མ་ཉེར་གཅིག རྩ་ལྷ་སོ་བདུན། ཐུབ་པ་གཙོ་འཁོར། མཁའ་སྤྱོད་ཞིང་ཁམས། འོད་དཔག་མེད། སྤྱན་རས་གཟིགས། སྒྲོལ་དཀར། རྣམ་སྲས་སོགས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྲུང་ནོར་ལྷའི་ཚོགས་ཀྱིས་བསྐོར་བའོ།། སྤྱིར་དགོན་པ་འདི་ཉིད་ཐོག་མར་ཆགས་ནས་ལོ་སྟོང་ཕྲག་གི་ལོ་རྒྱུས་དང་རིན་ཐང་སོགས་བཤད་རྒྱུ་ཡོད་མོད་དེ་དག་ཤིན་ཏུ་ལྐོག་འགྱུར་གྱི་གཞལ་བྱ་ཡུལ་དུ་གྱུར་ནའང་། ད་ཡོད་ཀྱི་ལྡེབས་རིས་རྣམས་བཞེངས་སྟངས་དང་དུས་ཚོད་ཉེ་འགྱངས་ཀྱི་ཁྱད་པར་ལྟར་ན་གྲུབ་མཐའི་འགྱུར་བ་ཐེངས་ཁ་ཤས་བྱུང་མྱངས་ཡོད་པར་ཚོད་དཔག་བྱེད་ཐུབ་ཅིང་། ལྡེབས་རིས་རྣམས་ཀྱི་ཚོན་མདངས་དང་རི་མོའི་སྒྱུ་རྩལ་དུས་རབས་ཀྱི་རིན་ཐང་བཅས་གང་ལ་བལྟས་ཀྱང་དེའི་ནང་ཁག་ཅིག་མིང་དང་ཆིང་རྒྱལ་རབས་ཀྱི་རི་མོའི་འབྲི་རྒྱུན་དང་སྒྱུ་རྩལ་གྱི་ཉམས་དང་ཁྱད་ཆོས་སོགས་གསལ་པོར་མཐོང་ཐུབ། །  

གུ་རུའི་སྐྱེས་རབས་སོ་བརྒྱད་པའི་ལྡེབས་རིས། 


བཟོད་པར་སྨྲ་བའི་སྐྱེས་པའི་རབས། 


ཀླུ་རྒྱལ་གཙུག་ན་རིན་ཆེན། 


སྡེ་དགེའི་རྒྱལ་རབས་ཁག་གཅིག་གི་ལྡེབས་རིས།


ཁྲོ་བོ་བཀའ་བརྒྱད། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1