སི་ཁྲོན་རྔ་པའི་འབྲིའི་ཐོན་ལས་ཀྱིས་གནད་སྨིན་དབུལ་སྒྲོལ་བྱེད་རོགས་བྱ་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-08


        རྔ་པའི་འབྲིའི་ཐོན་ལས་ཀྱི་གནད་སྨིན་དབུལ་སྐྱོར་རྣམ་གྲངས་ཁྲེང་ཏུའུ་རུ་སྤེལ་འགོ་ཚུགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེས་རྒྱལ་ཁབ་དབུལ་སྐྱོར་སྣེ་ཁྲིད་ཁེ་ལས་ཧུང་ཡོན་འབྲིའི་དཀར་ཆུའི་ཐོན་ལས་ཚད་ཡོད་འགན་འཁྲི་ཀུང་སིར་བརྟེན་ནས། འབྲེལ་ཡོད་ཁེ་ལས་དང་མཉམ་འབྲེལ་ཐོག་གཅེས་སེམས་མནའ་འབྲེལ་བཙུགས་ཏེ། གནད་སྨིན་དབུལ་སྐྱོར་གྱི་སིལ་ཚོང་བྱེད་སྟངས་གསར་པ་མཉམ་དུ་བཏོད་དེ། བོད་རིགས་ས་ཁུལ་གྱི་འབྲོག་པ་ཚོ་དབུལ་སྒྲོལ་ཕྱུག་འགྱུར་ལམ་དུ་སྐྱོད་རོགས་བྱ་རྒྱུ་ཡིན་པ་རེད།
        རྔ་པ་ཀྲོའུ་ཨུད་ཀྱི་དྲུང་ཆེ་གཞོན་པ་ཀྲོའུ་དབུལ་སྐྱོར་དང་ཡུལ་མི་གནས་སྤོས་ལས་དོན་ཅུས་ཀྱི་ཅུས་ཀྲང་ཅིན་ཏུང་གིས། རྔ་པ་ཀྲོའུ་ནི་རྒྱལ་ཁབ་སྣོད་བཅུད་ཕན་ནུས་ཀྱི་གཙོ་གནད་ཁྱབ་ཁོངས་ཤིག་ཡིན་པས་ཐོན་ལས་དབུལ་སྒྲོལ་གྱི་ཐབས་ལམ་ཧ་ཅང་དོག་པོ་ཡོད། དེ་དག་ལས་ཀྱང་ཆེས་དཀའ་ངལ་ཆེ་བ་ནི་ཧུང་ཡོན་རྫོང་དང་། རྔ་པ་རྫོང་། མཛོད་དགེ་རྫོང་། འཛམ་ཐང་རྫོང་བཅས་འབྲོག་ཁུལ་རྫོང་བཞིར་ཐོན་ལས་སྣ་གཅིག་སྟེ་འབྲི་གཡག་ལས་མེད། མིག་སྔར་ཧུང་ཡོན་གྱི་འབྲིའི་དཀར་ཆུ་ཐོན་ལས་ལ་འོ་མ་སོས་པ་ཏུན་ཁྲི་10ལས་སྣོན་བྱེད་པའི་ནུས་པ་ལྡན་པས། སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་བཅས་འབྲེལ་མཚམས་ཀྱི་རྫོང་11གི་འབྲོག་དུད་ཁྲི་4ལྷག་ཙམ་ལ་ཐད་ཀར་ཕན་པ་ཐོབ་རྒྱུ་རེད་ཅེས་བརྗོད།
        ཉེ་བའི་ལོ་ཤས་རིང་། ཧུང་ཡོན་རྫོང་གིས་ཐོན་ལས་སྐྱེད་སྲིང་བྱ་རྒྱུ་ནི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་རྩ་བའི་ཐབས་ལམ་ཞིག་ཏུ་བརྩིས་ཏེ་འབྲིའི་དཀར་ཆུའི་ཐོན་ལས་སྟོབས་ཆེར་བཏང་བས། “ཁེ་ཕན་འབྲེལ་ཐག”བརྒྱུད་མང་ཚོགས་དབུལ་པོ་ཚོ“དབུལ་པོའི་འོབས”ལས་ཐོན་ཏེ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་བཞིན་ཡོད་པ་རེད།
        དེར་བརྟེན། རྔ་པ་ཀྲོའུ་ཨུད་དང་ཀྲོའུ་སྲིད་གཞུང་གིས་ཧུང་ཡོན་རྫོང་གི་ཐོན་ལས་དབུལ་སྒྲོལ་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག “ཐོན་ལས་དབུལ་སྐྱོར་དང་དབུལ་སྒྲོལ་བརྟན་པོ”ཐུབ་རྒྱུར་དམ་པོར་དམིགས་ཤིང་། ཧུང་ཡོན་འབྲིའི་དཀར་ཆུའི་ཐོན་ལས་ལ་བརྟེན་ནས་ཀྲུང་གོའི་དབུལ་སྐྱོར་གསར་སྤེལ་མཐུན་ཚོགས་དང་སི་ཁྲོན་དབུལ་སྐྱོར་ཐེབས་རྩ་ཚོགས་པ་དང་མཉམ་དུ་2017ནས་2020ལོ་བར“རྔ་པ་ཀྲོའུ་ཡི་འབྲིའི་ཐོན་ལས་ཀྱི་གནད་སྨིན་དབུལ་སྒྲོལ་རྣམ་གྲངས”ཐུན་མོང་ཐོག་སྤེལ་རྒྱུ་ཡིན་པ་རེད།
        རྣམ་གྲངས་དེའི་ནང་དོན་གཙོ་བོ་ནི། རྔ་པའི་འབྲོག་ཁུལ་རྫོང་བཞི་འཐབ་ས་གཙོ་བོར་བྱས་ཐོག་ཁྲོམ་རའི་རིན་གོང་ངམ་ཡང་ན་འཛའ་སྲུང་རིན་གོང་ལྟར་དུད་ཚང་དབུལ་པོའི་འབྲིའི་འོ་མ་སོས་པ་ཉོས་ཏེ། འབྲོག་ཁུལ་རྫོང་བཞིའི་འབྲོག་དུད་ཁྲི་2.8ལྷག་ཙམ་གྱི་དུད་ཚང་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ཡན་ཟིན་པར་བྱས་ནས་2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1