སྐབས་བདུན་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་དཔྱད་གླེང་ཚོགས་འདུ་པེ་ཅིང་དུ་ཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ།  སྤེལ་དུས། 11-08


          ཀྲུང་གོའི་བོད་ལྗོངས་དྲ་བར་གནས་ཚུལ་འབྱོར་གསལ། ཟླ་11པའི་ཚེས་6ཉིན་སྐབས་བདུན་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་དཔྱད་གླེང་ཚོགས་འདུ་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་འགོ་ཚུགས་པ་དང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཡོན་ཀྲང་འཇམ་དབྱངས་བློ་བཟང་འགྱུར་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་ཤིས་ཚིག་ཕུལ་བ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་བཞུགས་ཚོགས་གཙོ་གཞོན་པ་ཙུང་ཤིང་ཚོགས་འདུར་ཞུགས་པ་མ་ཟད་རྗོད་གཞིའི་གསུང་བཤད་གནང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་འགྱུར་པུའུ་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བཅས་ཀྱི་འབྲེལ་ཡོད་དབུ་ཁྲིད་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་ཡོད་ཅིང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ་ཝང་ཁྲང་ཡུས་ཀྱིས་འགོ་ཚུགས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།
          བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་ལ་དུས་རབས་ཀྱི་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་གྱི་བླང་བྱ་དང་མཐུན་པའི་འགྲེལ་བརྗོད་གནང་རྒྱུ་ནི་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ལོ་རྒྱུས་ཉམས་མྱོང་ལ་ཕྱོགས་བསྡོམས་བྱས་པ་ཡིན་ལ། བོད་བརྒྱུད་ནང་བསྟན་མུ་མཐུད་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པའི་ཐབས་ལམ་ལྡོག་མེད་ཅིག་ཀྱང་རེད། 2015ལོའི་ཟླ་6པའི་ཚེས་10ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོའི་མཇལ་འཕྲད་དང་ལེན་གནང་སྐབས། ཧུར་ཐག་སྒོས་ཆོས་དོན་དགོངས་འགྲེལ་གནང་རྒྱུ་དང་། བོད་བརྒྱུད་ནང་བསྟན་གྱི་དགོངས་དོན་ཁྲོད་ཀྱི་སྡིག་སྤོང་དགེ་སྒྲུབ་དང་འདྲ་མཉམ་བཟོད་སྒོམ། དབུལ་སྐྱོར་དཀའ་སེལ་སོགས་ཀྱི་ཡར་ཐོན་བསམ་བློ་དར་སྤེལ་གཏོང་དགོས་ཞེས་བསྟན་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཐེངས་འདིའི་དཔྱད་བསྡུར་ཚོགས་འདུ“དྲིན་དྲན་དྲིན་གཟོ” བརྗོད་གཞིར་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་སེར་སྐྱ་མང་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་། མེས་རྒྱལ་གྱི་བཀའ་དྲིན་རྟོགས་པ། འགྲོ་ཀུན་བདེ་ལ་འཁོད་པ། བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ལ་ཁྲིད་སྟོན་བྱ་རྒྱུ་དམིགས་སུ་བཟུང་ཡོད་པ་རེད།
          བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་དཔྱད་གླེང་ཚོགས་འདུ་ནི་ལོ་རེར་ཐེངས་རེར་བསྡུ་བཞིན་ཡོད་ཅིང་། སྐབས་འདིའི་དཔྱད་གླེང་ཚོགས་འདུར་རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་དག་མཉམ་ཞུགས་གང་ལེགས་གནང་ཡོད་ལ།  ཁྱོན་བསྡོམས་དགོངས་འགྲེལ་བརྩམས་ཆོས་80འབྱོར་ཡོད་པ་དང་། རྒྱ་བརྒྱུད་ནང་བསྟན་སློབ་གླིང་དང་དགོན་པའི་སློབ་དཔོན། པེ་ཅིང་གི་མཐོ་སློབ་ཁག  ཞིབ་འཇུག་ལས་ཁུངས་ཁག་ནས་ཐོན་པའི་ཆེད་མཁས་དང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱི་ནང་བསྟན་སློབ་གླིང་དང་དགོན་པའི་འཐུས་མི། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་སློབ་ཀྱི་འཐུས་མི་200ལྷག་ཐེངས་འདིའི་ཚོགས་འདུར་མཉམ་ཞུགས་གནང་ཡོད་པ་རེད།
         དཔྱད་གླེང་ཚོགས་འདུར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པར་བཏོན་པའི“ཁྱོན་ཡོངས་ནས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཧུར་ཐག་སྒོས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པའི”གཞི་རྩའི་བླང་བྱར་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་གནང་པ། བརྗོད་གཞིའི་གཏམ་བཤད་གནང་པ་དང་བསམ་ཕྱོགས་བརྗེ་རེས་བྱེད་པ། ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱེད་པ་སོགས་བརྒྱུད་བོད་བརྒྱུད་ནང་བསྟན་གྱི་ཆོས་དོན་དགོངས་འགྲེལ་ལས་དོན་གཏིང་ཟབ་སྤེལ་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1