ཞི་ཅིན་ཕིང་པན་ཡང་གིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཞུགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་སྐད་རླུང་འཕྲིན། སྤེལ་དུས། 11-15


 
        སྤྱི་ཚེས་13ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝན་ཐེན་དུ་ལུའོ་སི་མི་དམངས་གསར་བརྗེའི་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པན་ཡང་གིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཞུགས་པ་རེད། 
        ས་གནས་དེ་གའི་དུས་ཚོད་དགོང་མོའི་ཆུ་ཚོད་7པ་ཙམ་ལ་ཞི་ཅིན་ཕིང་དང་པན་ཡང་རྣམ་གཉིས་ནས་ལྷན་དུ་རྒྱལ་ཁབ་ཀྲུའུ་ཞིའི་ལས་ཤག་གི་གསོལ་སྟོན་ཁང་དུ་ཕེབས་པ་རེད། 
        པན་ཡང་གིས་སྔོན་ལ་ཤིས་ཚིགས་གནང་སྐབས་བློ་མཐུན་ཞི་ཅིན་ཕིང་གིས་ལུའོ་སིར་ལོ་རྒྱུས་རང་བཞིན་གྱི་ཐེངས་འདིའི་འཚམས་འདྲི་གནང་བ་དེས་ལུའོ་ཀྲུང་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་འགྲོ་རྒྱུ་དང་ལུའོ་ཀྲུང་རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་གཏོང་བར་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་རེད། ལུའོ་སིའི་ཏང་གིས་སྙིང་ཐག་པ་ནས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པར་གྲུབ་འབྲས་གང་ལེགས་འཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ཀྱི་དབུ་ཁྲིད་འོག ཀྲུང་གོའི་མི་དམངས་ཀྱིས་ལོ་བརྒྱ་བྱས་པ་གཉིས་ཀྱི་འཐབ་ཇུས་དམིགས་འབེན་གྱི་ཕྱོགས་སུ་དཔའ་མཛངས་རྟུལ་ཕོད་ངང་བསྐྱོད་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས། 
        ཞི་ཅིན་ཕིང་གིས་ཤིས་ཚིགས་གནང་སྐབས་ཀྲུང་གོ་དང་ལུའོ་སི་རྒྱལ་ཁབ་གཉིས་པོ་རི་ཆུ་འདྲེས་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་འགྲོ་འོང་གི་ལོ་རྒྱུས་ཧ་ཅང་རིང་པོ་ཡོད། སྲོལ་རྒྱུན་གྱི་མཛའ་གྲོས་ཟབ་མོ་མི་དམངས་ཀྱི་སེམས་ལ་ཟུགས་ཡོད། ཕྱི་འབྲེལ་འབྲེལ་བཙུགས་ནས་ལོ་56སོང་རིང་ཀྲུང་གོ་དང་ལུའོ་སི་རྒྱལ་ཁབ་གཉིས་པོའི་ཁྱིམ་མཚེས་མཛའ་གྲོགས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་འཐོབ་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་སྟེར་ཡོད། ཀྲུང་གོའི་ཕྱོགས་ནས་ལུའོ་སིའི་ཕྱོགས་དང་ལྷན་དུ་སྲོལ་རྒྱུན་མཛའ་གྲོགས་དར་སྤེལ་གཏོང་རྒྱུ་དང་། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ། རྒྱུན་ཆད་མེད་པར་ཀྲུང་གོ་དང་ལུའོ་སིའི་ཁྱོན་ཡོངས་ནས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་ཚད་གཞི་གསར་པ་ཞིག་གི་ཐོག་ཏུ་སྐུལ་འདེད་གཏོང་རྒྱུ་དང་། ལག་གདང་སྦྲེལ་ནས་ཀྲུང་གོ་དང་ལུའོ་སི་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་ཐུན་མོང་མ་ལག་བསྐྲུན་འདོད་ཡོད་ཅེས་གསུངས། 
        གསོལ་སྟོན་དེ་ནི་སྤྲོ་ཉམས་དོད་ལ་དགའ་སྤྲོའི་རྣམ་པས་ཁེངས་པའི་ཁྲོད་དུ་བཤམས་ཡོད་པ་རེད། 
        གསོལ་སྟོན་མ་བཤམ་གོང་ལ་ཞི་ཅིན་ཕིངགིས་གསོལ་སྟོན་ལ་ཞུགས་པའི་ལུའོ་སིའི་ཀྲུང་གོར་སློབ་སྦྱོང་བྱེད་དུ་སླེབས་མྱོང་བའི་རྒན་གཞོན་དར་གསུམ་གྱི་ལུའོ་སིའི་མཛའ་གྲོགས་མི་སྣ་རེ་རེ་དང་བྱས་ཏེ་ཕྱག་བཏང་གནང་བ་དང་། མཛའ་བརྩེའི་བགྲོ་གླེང་གནང་བ། ཚང་མས་ལུའོ་སི་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་ཡོང་བར་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་གནང་བ་མ་ཟད། ཁོང་ཚོས་མུ་མཐུད་དེ་ཀྲུང་གོ་དང་ལུའོ་སིའི་མཛའ་གྲོགས་ཀྱི་ཆེད་དུ་དམ་པ་དོན་དུ་ཉེར་རྒྱུའི་བསྔགས་སྐུལ་གནང་བ་དང་། ལྷག་དོན་དུ་གཞོན་ནུ་ཚོས་གསོན་ཤུགས་དང་ཧུར་སེམས་ཀྱི་བཟང་ཆ་འདོན་སྤེལ་གྱིས་རྒྱལ་ཁབ་གཉིས་པོའི་མི་རབས་རིམ་བརྒྱུད་ཀྱི་མཛའ་གྲོགས་ཀྱི་རྒྱུན་འཛིན་པ་བྱེད་དགོས་ཞེས་གསུངས།། 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1