བོད་ལྗོངས་སུ་ཟོག་འདྲེན་ཆེད་གཏོང་གི་གནམ་གྲུའི་མཁའ་ལམ་ཐོག་མ་ཤར་གཏོང་ཐུབ་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-26


           ཟླ་དང་པོའི་ཚེས་22ཉིན། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་དང་ཧྲུན་ཧྥེང་མྱུར་སྐྱེལ་ཚོགས་པའི་དབར་《“དྲ་སྦྲེལ་+ཟོག་འདྲེན”ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཞི་སྒྲོམ་གྱི་གྲོས་མཐུན་》 (གཤམ་དུ་གྲོས་མཐུན་ཞེས་འབོད་རྒྱུ་)གྱི་མིང་རྟགས་བཀོད་པ་རེད། གན་རྒྱ་བཞག་པའི་ཉིན་དེར། ཧྲུན་ཧྥེང་ཚོགས་པའི་པོའོ་དབྱིན་757-200Fརྟགས་ཅན་གྱི་གནམ་གྲུ་བདེ་འཇགས་ངང་ལྷ་སར་འབྱོར་བ་རེད། དེའི་ཐོག་ནས་བོད་ལྗོངས་སུ་ཟོག་འདྲེནཆེད་གཏོང་གི་གནམ་གྲུའི་མཁའ་ལམ་ཤར་གཏོང་ཐུབ་པ་མཚོན་ཡོད། གངས་ལྗོངས་ས་མཐོའི་མང་ཚོགས་ཀྱིས་མཁའ་འགྲུལ“མཁའ་ལམ”ལ་བརྟེན་ནས། དྲ་ཐོག་ཉོ་སྒྲུབ་སྔར་བས་མགྱོགས་པོ་ཡོང་རྒྱུ་རེད།
           ཆ་རྒྱུས་བྱུང་བར་གཞིགས་ན། གྲོས་མཐུན་འདིའི་དམིགས་ཡུལ་ནི་བོད་ལྗོངས་ཀྱི་གློག་རྡུལ་ཚོང་དོན་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། “དྲ་སྦྲེལ་+” ནུས་ཆེའི་ཟོག་འདྲེན་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་ཟོག་འདྲེན་གྱི་སྤུས་ཚད་དང་ལས་ཕྱོད། བདེ་འཇགས་ཀྱི་ཆུ་ཚད་བཅས་མཐོ་རུ་གཏོང་བ། བོད་ལྗོངས་སུ“དྲ་སྦྲེལ་+”རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་རེད།
           བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་ཀྲོའུ་ཧུའེ་ཡིས་གྲོས་མཐུན་འདི་བཞག་པའི་ཐད་ལ། བོད་ལྗོངས་ཀྱིས་ཧྲུན་ཧྥུང་མྱུར་སྐྱེལ་ཟོག་འདྲེན་དང་སྐྱེལ་འདྲེན་འཁོར་རྒྱུག་གི་ལེགས་ཆར་བརྟེན་ནས། གངས་ལྗོངས་ས་མཐོའི་ཞིང་ལས་ཐོན་རྫས་ཕྱིར་འཚོང་ལ་སྐུལ་འདེད་དང་། བྲིན་ཚོང་གི་ཐབས་ལམ་རྒྱ་ཆེར་གཏོང་རོགས་བྱས་ཤིང་། ཞིང་འབྲོག་ཁུལ་གྱི་གློག་རྡུལ་ཚོང་དོན་ཐོན་ལས་འཕེལ་རྒྱས་མགྱོགས་པོ་བྱུང་ནས། སྐྱེལ་འདྲེན་ཐོན་ལས་རིགས་སྒྱུར་རིམ་སྤོར་མངོན་འགྱུར་བྱ་རྒྱུ་ཡིན་ཚུལ་བསྟན་པ་རེད།
           འབྱུང་འགྱུར་ཧྲུན་ཧྥེང་མྱུར་སྐྱེལ་གྱིས་ཟོག་འདྲེན་གྱི་ལེགས་ཆ་འདོན་སྤེལ་བྱས་ནས། བོད་ཁུལ་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་སྤུས་ལེགས་འཁོར་རྒྱུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བོད་ལྗོངས་ཀྱི་ཞིང་འབྲོག་ཡོང་འབབ་འཕར་ཤུགས་ཆེ་རུ་བཏང་ནས། ཐོན་ལས་རིགས་སྒྱུར་རིམ་སྤོར་ལ་སྐུལ་ཁྲིད་བྱེད་རྒྱུ་ཡིན་ཞིང་། ཧྲུན་ཧྥེང་ཚོགས་པའི་བོད་ལྗོངས་ཁུལ་ཀྱི་སྤྱི་ཁྱབ་སྤྱི་གཉེར་པ་ཅ་ཡུང་ཅན་གྱིས། “ཁྲེང་ཏུའུ་ནས་ལྷ་ས་བར་གྱི་ཟོག་འདྲེན་མཁའ་ལམ་ཤར་གཏོང་ཐུབ་པས། བོད་ལྗོངས་ཀྱི་ཟོག་འདྲེན་ཀྱི་དཀའ་གནད་སེལ་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད”ཅེས་གསུངས། 
           བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་པ་ཧྥེ་ཡུན་ཀའོ་ཡིས། གྲོས་མཐུན་ལ་མིང་རྟགས་བཀོད་པ་དེས་བོད་ལྗོངས་ཀྱི་དྲ་ཐོག་ཚོང་དོན་གྱི་ཟོག་འདྲེན་རིམ་བཞིན་ཆེ་རུ་ཕྱིན་པ་དང་། ཐོན་ལས་སྦྲེལ་ཐག་སྔར་བས་རྒྱ་ཆེར་བཏང་ནས། དྲ་ཐོག་ཚོང་དོན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ས་ཁོངས་ཀྱི་ཚོད་འཛིན་ལས་བརྒལ་ཏེ། བོད་ལྗོངས་ཀྱི་དངོས་ཟོག་སྔར་བས་སྟབས་བདེའི་ངང་བོད་ལྗོངས་ནས་ཐོན་ཐུབ་རྒྱུ་ཡིན་ཚུལ་བསྟན་པ་རེད།
           ཁོང་གིས། བོད་ལྗོངས་ཀྱི་ནང་འཛུགས་ཕྱིར་འདྲེན་གྱི་གློག་རྡུལ་ཚོང་དོན་སྐྱེལ་འདྲེན་འཕེལ་རྒྱས་ཟམ་མི་ཆད་པར་མགྱོགས་སུ་གཏོང་བཞིན་ཡོད། ད་ཆ། ཕྱི་ནས་དྲངས་པའི་ཅིང་ཏུང་དང་ཧྲུན་ཧྥེང་སོགས་ནང་སའི་གློག་རྡུལ་ཚོང་དོན་སྐྱེལ་འདྲེན་ཁེ་ལས་ཆེ་གྲས་གྱིས་གཞུང་ལམ་སྐྱེལ་འདྲེན་ནང་སྣེ་འདྲེན་གྱི་ནུས་པ་ཐོན་ཡོད། འཆར་འགོད་ཡན་ལག་འཁོར་རྒྱུག་མ་ལག་ནང་འཛུགས་ཀྱིས་ཐག་རིང་ལུང་ཁུག་ས་ཁུལ་གྱི་སྐྱེལ་འདྲེན་མཇུག་མཐའི་སྨི་100ཡི་དཀའ་ངལ་སེལ་རྒྱུ་ཡིན་ལུགས་ཀྱང་གསུངས་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1