༄༅།། འཕྲོད་བསྟེན་ལེགས་པོ་བྱ་དགོས་པའི་སྐོར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-15


  དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་ཆེ་ཆུང་གང་དང་གང་། ཚོགས་པ་ཆེ་ཆུང་ཅི་རིགས། མི་སྒེར་སོ་སོ་གང་ཞིག་ཡིན་རུང་། ཚང་མས་དོ་སྣང་བྱ་དགོས་པ་དང་སེམས་ཁུར་བྱ་དགོས་པ་ནི་འཕྲོད་བསྟེན་བདེ་ཐང་གི་བྱ་བ་འདི་ཉིད་ཡིན་པ་རེད། འཕྲོད་བསྟེན་ལེགས་པོ་བྱེད་པ་ནི་དེང་སྐབས་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཆེས་མཐོང་ཆེན་བྱེད་བཞིན་པའི་གནད་དོན་གལ་འགངས་ཆེ་བ་ཞིག་ཡིན་ཞིང་། གོ་ལའི་ཁྱོན་ཏུ་འཚོ་གནས་བྱེད་པའི་སྐྱེ་འགྲོ་ཡོངས་ཀྱིས་དོ་སྣང་བྱ་དགོས་པའི་བྱ་བ་ཞིག་ཀྱང་ཡིན་ནོ།།

  ས་བབ་མཐོ་དམའ་དང་གནམ་གཤིས་དྲོད་གྲང་གི་ཁྱད་པར་ལས་ང་ཚོ་གང་ལ་གང་འཚམ་གྱི་གནས་མལ་དུ་གཞི་ཆགས་ཤིང་འཚོ་བའི་སྤྱོད་སྟངས་ལ་རོལ། ཡིན་ནའང་འཕྲོད་བསྟེན་ལེགས་པོ་བྱེད་མིན་སོགས་ཀྱི་དབང་གིས་ང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་ཆག་སྒོ་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་ཡོད་པ་རེད། སྔོན་གྱི་ལོ་རྒྱུས་དེབ་ཐེར་སོགས་ཀྱི་ནང་དུ་འགོ་ནད་སོགས་ནད་ཡམས་ཀྱི་རིགས་སྣ་ཚོགས་ཀྱིས་སེམས་ཅན་མང་བོ་རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་མང་བོ་འདུག་ལ། འདི་དག་གཙོ་བོ་འཕྲོད་བསྟེན་ལ་རག་ལས་ཡོད་པ་ཡིན། གནའ་བོའི་དུས་སྐབས་སུ་སྨན་བཅོས་ཀྱི་ཆ་རྐྱེན་མི་ལེགས་ཤིང་འཕྲོད་བསྟེན་གྱི་འདུ་ཤེས་ཞན་པ་སོགས་ཀྱི་དབང་གིས་བྱུང་བ་ཡིན་པ་གདོན་མི་ཟ་བ་རེད།   དེང་གི་དུས་སུའང་ནད་ཡམས་སྣ་ཚོགས་འབྱུང་བཞིན་ཡོད་པ་འདི།གཙོ་བོ་ཟས་རིགས་ལས་བྱུང་བ་ཡིན་ཞིང་། འདིའི་ཐད་ལ་ང་ཚོས་དོ་སྣང་ཆེན་པོ་བྱས་ཏེ་ནམ་རྒྱུན་ཟ་མ་ཟ་དུས་སུ། ལག་པ་གཙང་མ་བཀྲུ་བ་དང་འགོར་འགྱངས་སོང་བའི་བཟའ་བཅའི་རིགས་ལོངས་སུ་མི་སྤྱོད་པར། ཟས་རིགས་གཙང་མ་ཟ་བར་དོ་སྣང་བྱེད་དགོས་པ་སྨོས་མ་དགོས། གལ་སྲིད་ང་ཚོས་འཕྲོད་བསྟེན་ལ་དོ་སྣང་མི་བྱེད་པར་ཅི་མི་སྙམ་བཞིན་རང་སྣང་གང་དྲན་བྱས་ཚེ། ལུས་པོའི་བདེ་ཐང་ལ་གནོད་སྐྱོན་ཐེབས་ངེས་ཡིན་པར་མ་ཟད།འཇིགས་སུ་རུང་བའི་ནད་རིགས་སྣ་ཚོགས་ཀྱིས་ང་ཚོ་སྡུག་པའི་ལས་ལ་སྦྱོར་ངེས་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ། ཚབས་ཆེ་བའི་འགོས་ནད་ཀྱི་རིགས་སྣ་ཚོགས་བྱུང་དང་འབྱུང་བཞིན་ཡོད་པ་དེས་མིའི་རིགས་ཀྱི་ལུས་སེམས་གཉིས་ཀར་ཕོག་ཐུག་ཚད་མེད་བཟོ་བཞིན་ཡོད། འདི་གཙོ་བོ་ང་ཚོས་འཕྲོད་བསྟེན་ལེགས་པོ་མ་བྱས་པའམ། ཡང་ན་བཟོ་གྲྭ་འདྲ་མིན་སྣ་ཚོགས་ནས་ཐོན་སྐྱེད་བྱས་པའི་ཞོར་ཟས་ཀྱི་རིགས་ལོངས་སུ་སྤྱད་པའི་དབང་གིས་སོ།། 

  ང་ཚོ་འགྲོ་བ་མིའི་རིགས་སུ་གྱུར་བ་འདི་ཉིད།གོ་ལ་ཟླུམ་པོ་འདི་ནས་ཡུན་རིང་དུ་འཚོ་གནས་བྱེད་དགོས་ན། འཕྲོད་བསྟེན་དང་གཏན་ནས་འབྲལ་ཐབས་མེད་པ་རེད།  དེར་བརྟེན།     ང་ཚོས་གང་ལ་གང་འཚམ་དང་ལེགས་ཐོག་ལེགས་བརྩེགས་སྒོས་འཕྲོད་བསྟེན་ལེགས་པོ་བྱེད་པ་འདི་ཧ་ཅང་གལ་ཆེ་བ་ཞིག་ཏུ་བརྩིས་ཏེ་མི་རང་ཉིད་ནས་མགོ་བརྩམས་ཤིང་། དུས་དེ་རིང་ནས་བཟུང་སྟེ་ཧུར་ཐག་འབད་ཐག་གིས་བརྩོན་ལེན་བྱས་ན། མཛེས་སྡུག་ལྡན་ཞིང་སྤྲོ་སྐྱིད་ཀྱིས་ཁེངས་པའི་འཇིག་རྟེན་གསར་བ་ཞིག་མངོན་དུ་འཆར་འོང་ངོ་།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1