༄༅།། ང་དང་ཆབ་མདོར་ཁ་ཆད་ཅིག་ཡོད།

སྐྱིད་སྟོད་པ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ཀྱི་རྩོམ་རིག་སྒྱུ་རྩལ། སྤེལ་དུས། 05-02


སྐྱིད་སྟོད་པ།


རྫ་ཆུ་དང་ངོམ་ཆུ་འདྲེས་མཚམས་སུ།
ཟླ་ཆུ་རྒྱུག་པའི་གྲོང་ཚོ་ཞིག་ཆགས་ཡོད།
ཟླ་ཆུའི་འགྲམ་ནས་སྐྱིད་ཆུ་དྲན་ན།
དེ་ནི།  ཕ་ཡུལ་ནས་ཕ་ཡུལ་དྲན་པ་ནང་བཞིན།
གངས་རིའི་ཞབས་ལ་ཞེན་པའི་བརྩེ་བ་དགོས་ངེས་དེ་ཡིན།


ཟླ་ཆུའི་མདོ་ལ་བྲིས་པའི་གྲོང་ཚོ་དེ།
ཆུ་བོའི་རླབས་རིས་དང་འདྲ་བས།
དུས་ཚོད་ཀྱི་དཀྱིལ་དུ་ལན་མང་གཡོས་མྱོང་།
ཆུ་ངོགས་གཉིས་སུ་བཀར་བའི་གྲོང་ཚོ།
རི་བོས་བསྐོར་བའི་བར་གསེང་ན།
རླུང་རྩེའི་ནང་གི་བྱ་བྱིའུ་ལྟར།
ཁོད་ཡངས་པའི་ནམ་མཁའ་དང་གྱེས་ཕྱག་ཞུས་ཡོད།



ཟླ་ཆུའི་ངོགས་སུ།  སྐྱིད་ཆུ་དྲན་པ་དེ།
སྐྱིད་ཆུའི་ངོགས་ནས་ཕ་ཡུལ་དྲན་པ་ལྟར།
མིག་གིས་མཐོང་ཡང་ལག་པས་འཇུ་མི་ཐུབ་པའི་ཐ་སྙད་ཅིག
ཟླ་ཆུའི་ནང་དུ་གྲོང་ཚོ་དེའི་ངོ་རིས་བྲིས་ཡོད།
ངོ་རིས་དེ།  ཟླ་ཆུའི་རླབས་རིས་ལ་བཅོལ་ཡོད།
གང་ལྟར།  ཆུ་བོ་དེ་གྲོང་ཚོའི་འཕེལ་འགྲིབ་དབུས་སུ་རྒྱུག


ཡང་འཇུག་དང་སྔོན་འཇུག་ཁས་མི་ལེན་པའི་གྲོང་ཚོ།
ཐོན་མི་ཟེར་བ་སྔ་ས་ནས་ཟླ་ཆུའི་གཞུང་ལ་བསྐྱུར་ཟིན་པས།
ཆབ་མདོ་ཞེས་པའི་མིང་བྱང་གི་མགོ་ཁུངས་ཤེས་མཁན།
མཁའ་ལ་འཕྱུར་བའི་ཟླ་ཆུའི་ཟེགས་མ་གཅིག་པུ།

 

སྐྲ་གཞུག་དམར་པོ་དེ་དམར་མདངས་ཆེ་བས།
ངས།  ཁྱེད་ཀྱི་མགོ་བོ་མ་མཐོང་།
མཐའ་བཞི་རི་བོ་དེ་དབུ་རྨོག་མཐོ་བས།
ངས།  ཁྱེད་ཀྱི་ཁ་ངོ་མ་རིག
ཟླ་ཆུ།  ངས་ཁྱེད་ལ་འཕྲིན་པ་ཞིག་བསྐུར་ཡོད།
རྫ་ཆུ།  ངས་ཁྱེད་ལ་རེ་བ་ཞིག་བཅོལ་ཡོད།
ཆུ་སྣ་འཛོམས་ས་རུ་ཁ་ཆད་ཅིག་ཡོད།
ང་དང་ཆབ་མདོར་ཁ་ཆད་ཅིག་ཡོད།
མ་ཡིག་གི་མེ་སོན་འཚོལ་བའི་ཁ་ཆད་ཅིག་ཡོད།


2017.4.13ཉིན་བཅོས།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1